སྐུ་ཞབས་འཇམ་དབྱངས་སྦྱིན་པ་ལགས་སྐུ་གཤེགས།

སྐུ་ཞབས་འཇམ་དབྱངས་སྦྱིན་པ་ལགས་རྒྱ་ནག་གི་ཉེན་རྟོག་པས་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས་དགོངས་པ་རྫོགས་ཡོད་པ།

2011-04-05
Share

༄༅༎ཕྱི་ལོ་༢༠༠༨ལོར་ཕྱི་རྒྱལ་གསར་འགོད་པ་བླ་བྲང་ཁུལ་དུ་འབྱོར་བའི་སྐབས་བློ་སྟོབས་ཆེན་པོས་མདུན་དུ་འདོན་ཏེ། བོད་ནང་གི་ཡ་ང་བའི་གནས་སྟངས་གསལ་སྟོན་གནང་མཁན་སྐུ་ཞབས་འཇམ་དབྱངས་སྦྱིན་པ་ལགས་རྒྱ་ནག་གི་ཉེན་རྟོག་པས་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས་ཕྱི་ཟླ་བཞི་པའི་ཚེས་གསུམ་ཉིན་དགོངས་པ་རྫོགས་ཡོད་པ་རེད།

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསུང་པར་གཞིགས་ན། ༢༠༠༨ལོར་བོད་ནང་ཞི་རྒོལ་བྱུང་བའི་རྗེས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་བརྟན་ལྷིང་ཡོད་ཚུལ་གྱི་ཕྱིའི་རྣམ་པ་བཏོན་ཐབས་སུ་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་བོད་ས་ཁུལ་དུ་ལྟ་བར་གོ་སྒྲིག་བྱས་པ་བཞིན། ཕྱི་རྒྱལ་གསར་འགོད་པ་དེ་རྣམས་༢༠༠༨ལོའི་ཕྱི་ཟླ་བཞི་པའི་ཚེས་༩ཉིན་མདོ་སྨད་བླ་བྲང་ཁུལ་དུ་འབྱོར་བའི་སྐབས། རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེན་པོ་ཇི་ཙམ་ཡོད་ཀྱང་འཇིགས་ཞུམ་མེད་པའི་ཐོག་ནས་བླ་བྲང་གི་དགེ་འདུན་པ་བཅུ་བཞི་ཡིས་གསར་འགོད་པའི་མདུན་དུ་འདོན་ཏེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང༌། ཆོས་དད་རང་དབང་མེད་པའི་གནས་ལུགས་གསལ་སྟོན་གནང་མཁན་ཁོངས་ནས་སྐུ་ཞབས་འཇམ་དབྱངས་སྦྱིན་པ་གཅིག་ཡིན་ཞིང༌། སྐབས་དེར་དགེ་འདུན་པ་ཁག་ཅིག་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཡང༌། ཁོང་མུ་མཐུད་དགོན་པར་བཞུགས་པར་བརྟེན། རྒྱ་མིའི་ཉེན་རྟོག་པ་ཁོང་གི་གྲ་ཤག་ཏུ་ཡོང་སྟེ་ཉེས་རྡུང་ཚབས་ཆེ་བཏང་བ་མ་ཟད། ཉིན་གྲངས་བཅུ་ཙམ་རིང་འདྲི་རྩད་བཀག་ཉར་བྱས་ཏེ་ལུས་གཅོང་དུ་གྱུར་བའི་རྗེས་ནང་མིར་རྩིས་སྤྲོད་བྱས་ཡོད་པ་རེད། ནང་མི་རྣམས་ཁོང་རྩིས་ལེན་པར་ཡོང་བའི་སྐབས། ཉེས་རྡུང་ཚབས་ཆེ་བཏང་སྟེ་རྐང་པ་བཅགས་ཏེ། གོམ་པ་རྒྱབ་མ་ཐུབ་པ་དང་ལངས་མི་ཐུབ་པར་རྐང་པར་ཚོར་བ་མེད་པ་བཟོས་ཡོད་པ་མ་ཟད། མིག་གིས་མི་མཐོང་བ་དང༌། དྲན་པ་མེད་པ་གྱུར་བ་སོགས་ཀྱིས་ནང་མི་ངོ་ཐག་མི་ཆོད་པ་དང་ཁོང་ལ་གནས་ཚུལ་ག་རེ་བྱུང་བ་ཤོད་རྒྱུ་མེད་པའི་ཉེས་རྡུང་ཚབས་ཆེ་བཏང་ཡོད་པ་རེད། དུས་དེ་ནས་བཟུང་ནང་མི་ལོ་གསུམ་ཙམ་རིང་ཁོང་གི་ཕ་མ་རྒན་འཁོགས་གཉིས་ནས་སྨན་བཅོས་གང་ཐུབ་བྱས་པ་དང༌། རྐང་པ་བཙུགས་ཐུབ་པའི་འབད་བརྩོན་བྱས་ཀྱང་ལུས་གཅོང་དུ་གྱུར་ཟིན་པ་བརྟེན་སྨན་བཅོས་གང་གི་ཕན་ནུས་མ་ཐོན་པར། ༢༠༡༡ལོའི་ཕྱི་ཟླ་༤པའི་ཚེས་༣ཉིན་རང་ཁྱིམ་དུ་འདས་གྲོངས་སུ་གྱུར་ཡོད་པ་རེད། སྐུ་ཞབས་འཇམ་དབྱངས་སྦྱིན་པ་ལགས་ནི། བོད་མདོ་སྨད་བླ་བྲང་བསང་ཁོག་ཅེས་པའི་འབྲོག་སྡེའི་ཁྱིམ་ཚང་ནས་ཡིན་པ་དང༌། དགུང་ལོ་༣༧ ལ་ཕེབས་ཀྱི་ཡོད་ཅིང༌། ཁོང་གི་ཕ་བློ་བཟང་ལགས་དང་མ་ཚེ་ལོ་ལགས་གཉིས་སུ་ཁྱོན་བུ་ཕྲུག་བཞི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།