ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་བཞི་པ་གནང་འདུག

2019-07-26
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་བཞི་པ་གནང་སྐབས། ༢༠༡༩།༧།༢༦
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་བཞི་པ་གནང་སྐབས། ༢༠༡༩།༧།༢༦
ཆེས་མཐོའི་ཁྲིམས་ཞིབ་ཁང་།

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་༢༠་པའི་གྱོད་དོན་ཐད་ཞིབ་གཅོད་ཉན་ཞིབ་ཐེངས་བཞི་པ་གནང་སོང་།
སྤྱི་ལོ་༢༠༡༩ ལོའི་སྤྱི་ཟླ་༧ པའི་སྤྱི་ཚེས་༢༦རེས་གཟའ་པ་སངས་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་ལེའུ་བདུན་པ་གཞིར་བཟུང་། ཁ་མཆུ་ཨང་༢༠་པ་མ་ཉེས་ཁ་གཡོག་གི་གྱོད་དོན་ཐད། ཞིབ་གཅོད་ཉན་ཞིབ་ཐེངས་བཞི་པ་གནང་ཞིང་། སྐབས་དེར་དངོས་དོན་བརྒྱད་དང་ཁྲིམས་དོན་གཉིས་པའི་ཁོངས་ནས་དངོས་དོན་ལྔ་པའི་ཞིབ་གཅོད་ཉན་ཞིབ་སྐབས། དངོས་དོན་ལྔ་པ་ཞུ་སྦྱོར་བ་ཨ་རིའི་དོན་ཟུར་སྤེན་པ་ཚེ་རིང་ལགས་ཀྱིས་ཞུ་རྩ་༤།༨ ནང་སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༦ པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་དོན་གཅོད་ལས་ཁང་གི་དངུལ་ཁང་རྩིས་སྒོ་(Bank A/c)ཁག་ལྔ་ལ་དཀའ་ངལ་འཕྲད་པའི་སྐོར། ཞུ་སྦྱོར་བའི་ངོས་ནས་ལྷོད་གཡེང་དང་འཐུས་ཤོར་བྱུང་བ་བཅས་ལས་བཀའ་ཤག་ལ་ཐུགས་འཚབ་ཆེན་པོ་བྱུང་ཞེས་པ་དེར་ངོས་ལེན་རྩ་བ་ནས་མེད་ཞེས་འགྲེལ་བརྗོད་གནང་པ་དང་སྦྲགས། ཞུ་སྦྱོར་བས་སྐབས་དེར་ཟླ་བ་དྲུག་པའི་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་ཡོད་པར་བརྟེན། ཞུ་སྦྱོར་བ་རང་ཉིད་ཆིབས་བསྒྱུར་གྱི་ལས་དོན་ཁག་ལ་བྲེལ་བ་ཚ་པོ་ཆགས་ཡོད་པ་མ་ཟད། སྤྱི་ཟླ་༦པའི་སྤྱི་ཚེས་༢༦ ཉིན་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གྲུབ་པའི་རྗེས་ཞུ་སྦྱོར་བས་བཀའ་ཤག་ལ་དོན་གཅོད་ལས་ཁང་གི་དངུལ་ཁང་རྩིས་སྒོ་ཁག་ལ་དཀའ་ངལ་འཕྲིན་བཞིན་ཡོད་པའི་སྐོར་སྙན་སེང་ཞུས་པ་ཡིན་ཞེས་འགྲེལ་བརྗོད་གནང་པར། དེར་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་གསལ་བཤད་སྐབས། ཞུ་སྦྱོར་བས་དོན་གཅོད་ལས་ཁང་གི་དངུལ་ཁང་རྩིས་སྒོ་ཁག་སྒོ་རྒྱག་པར་ཉིན་༡༠ ཙམ་ལས་མེད་པའི་སྐབས་གཞི་ནས་བཀའ་ཤག་ལ་ཡིག་གེ་བཏང་ཏེ་སྙན་སེང་ཞུས་ཡོད་པ་འདི་ནི་འཐུས་ཤོར་བཏང་བ་བཀའ་ཤག་གིས་ངོས་འཛིན་བྱས་ཡོད་ཅེས་འགྲེལ་བརྗོད་གནང་བའི་ཁར་ཞུ་སྦྱོར་བས་བཏང་བའི་ཡིག་གེ་ནང་དོན་གཅོད་ལས་ཁང་གི་དངུལ་ཁང་རྩིས་སྒོ་ཁག་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་སྙན་སེང་ཞུས་ཡོད་པ་ལས། ཞུ་སྦྱོར་བ་རང་ཉིད་ཀྱིས་དངུལ་ཁང་ཨ་མར་འབྲེལ་བ་གནང་ཏེ་དཀའ་ངལ་སེལ་ཐབས་གནང་མེད་པ་དང་ཐབས་ལམ་གཞན་ཡང་བཙལ་མེད་པར་བརྟེན་ལྷོད་གཡེང་བཏང་ཡོད་པར་བཀའ་ཤག་ལ་ཐུགས་འཚབ་ཆེན་པོ་བྱུང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་ལ། དེར་ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་ཀྱིས། སྐབས་དེར་དངུལ་ཁང་རྩིས་སྒོ་ཁག་སྒོ་རྒྱབ་དགོས་པའི་སྔོན་བརྡ་འབྱོར་བར་དོན་གཅོད་ངོས་ནས་ཛ་དྲག་ཡིན་པ་ངོས་འཛིན་བྱས་ཡོད་པ་ལས་ལྷོད་གཡེང་དང་འཐུས་ཤོར་བཏང་བ་རྩ་ནས་ངོས་འཛིན་བྱེད་ཀྱི་མེད། རྒྱུ་མཚན་ཏེ་དངུལ་ཁང་ཨ་མ་ནས་དོན་ཁང་ལ་ཡིག་གེ་བཏང་བའི་ནང་དངུལ་ཁང་ནང་དངུལ་ཡོད་པ་རྣམས་ཕྱིར་འཐེན་དགོས་པ་ལས་དེར་ཆག་ཡང་དང་བསྐྱར་དུ་རེ་བ་ཞུས་ས་མེད་པ་ལྟ་བུ་རེད་ཅེས་བཀོད་འདུག འོན་ཀྱང་ཞུ་སྦྱོར་བ་ངོས་ནས་སྤྱི་ཟླ་༠༧ པའི་ཚེས་༠༣ ཉིན་དོན་ཁང་གི་རྩིས་པ་གཡུང་དྲུང་ལྷ་མོ་ལགས་འབྲེལ་ཡོད་དངུལ་ཁང་དུ་བཏང་ཡོད་པས་ཁོང་མོེར་བཀའ་འདྲི་ཞུ་ན་འགྲིག་གི་རེད་ཅེས་བརྗོད་སོང་།
ཡང་སྐབས་དེར་བཀའ་ཤག་གི་ཁྲིམས་རྩོད་པས་དོན་ཁང་གི་དངུལ་ཁང་རྩིས་སྒོ་ཁག་ལ་དཀའ་ངལ་འཕྲད་པའི་སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནས་ཞལ་པར་རྒྱུད་ཞུ་སྦྱོར་བར་དངུལ་ཁང་གི་འགན་འཛིན་བགྲེས་པར་ཐུག་དགོས་པའི་སྐོར་ལམ་སྟོན་གནང་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་བར། དེའི་ཐད་ཉན་ཞིབ་གྲུབ་རྗེས། ཞུ་སྦྱོར་བ་སྤེན་པ་ཚེ་རིང་ལགས་སུ། གསར་འགོད་པ་ཚོས་དྲི་བ་ཞུས་སྐབས། ཁོང་གིས། དཔང་རྟགས་གཞན་པ་སྟོན་ཡ་གང་ཡང་མེད་དུས་ཞལ་པར་བརྒྱུད་ནས་གསུངས་ཡིན་གསུངས་རྒྱུ་མ་གཏོགས་གཞན་དཔང་རྟགས་མེད་པ་རེད། ཕྱི་དྲིལ་ལས་ཁུངས་ནས་ཡིག་ཐོག་དང་ངག་ཐོག་གང་རུང་ནས་གསུངས་མེད་པའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་༦་པའི་༢༩་ཉིན་བསམ་ཚུལ་དེ་ཕུལ་པ་རེད། སྐབས་ཐོག་ལ་མ་གསུངས་པར་གནས་ཚུལ་ཚང་མ་ཚར། ངས་ལས་མཚམས་བཞག་ཚར་བའི་རྗེས་སྐྱོན་བརྗོད་དོན་ཚན་བཅུའི་ནང་གསུངས་ཡོང་དུས་ཏག་ཏག་བསྡད་མེད་པ་རེད་གསུངས་སོང་།
རྒྱུན་དུ་ཞིབ་གཅོད་ཉན་ཞིབ་གྲོལ་བའི་རྗེས། གསར་འགོད་པ་ཚོས་ཕྱོགས་གཉིས་ཀར་བཅར་འདྲི་བྱེད་ཀྱི་ཡོད་ཀྱང་། ད་ཐེངས་བཀའ་ཤག་གི་ཁྲིམས་རྩོད་པ་བློ་བཟང་གྲགས་པ་ལགས་ཀྱིས་གསར་འགོད་པ་ཚོའི་བཅར་འདྲི་དང་ལེན་གནང་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།