དམར་ཤོག་ཚོགས་མི་ཚོར་ཆོས་ཕྱོགས་ཀྱི་ལས་དོན་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་མི་ཆོག་པའི་བཀའ་བཏང་འདུག

2021-06-28
Share
དམར་ཤོག་ཚོགས་མི་ཚོར་ཆོས་ཕྱོགས་ཀྱི་ལས་དོན་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་མི་ཆོག་པའི་བཀའ་བཏང་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དམར་ཤོག་ཚོགས་པའི་ཚོགས་འདུའི་སྐབས།
Chinese State Media

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་བཞི་པ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་ཆོས་ཕྱོགས་ཀྱི་ལས་དོན་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་མི་ཆོག་པའི་བཀའ་བཏང་འདུག
རྒྱ་ནག་གཞུང་གིས་བོད་མི་རྒྱ་ནག་དམར་ཤོགས་ཚོགས་པའི་ཚོགས་མི་ཚོར། རང་མཚམས་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་བའམ་ཆོས་ལུགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་མི་བྱེད་པ་དང་། ཡང་མངོན་གསལ་དུ་ཡིད་ཆེས་མི་བྱེད་ཀྱང་ལྐོག་ཏུ་ཡིད་ཆེས་པ་སོགས་ཀྱང་བྱེད་མི་ཆོག་པའི་དམ་དྲག་བྱེད་བཞིན་འདུག

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོས་ཆོས་ལ་དད་པ་མི་བྱེད་པའི་བྱ་སྤྱོད་ཚད་གཞི་ཟེར་བ་ནང་ཁུལ་འགྲེམ་སྤེལ་བྱེད་པའི་ཡིག་ཆ་ཞིག་ལག་ཐོབ་བྱུང་ཞིང་། ཡིག་ཆ་དེ་ ༢༠༢༡ ཕྱི་ཟླ་ ༤ ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ལས་བྱེད་པར་བཀྲམས་བཞིན་པ་ཞིག་རེད་འདུག

དེང་སྐབས་བོད་ཀྱི་ས་ཁུལ་གང་སའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་ཟེར་བ་དང་། བོད་ཞི་བའི་བཅིངས་བཀྲོལ་བཏང་ནས་ལོ་ངོ་བདུན་བཅུ་ཟེར་བ་འཁོར་བའི་དུས་ཚིགས་སྲུང་རྒྱུ་བྱ་རྒྱུའི་ཆེད་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བར་སློབ་སྦྱོང་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་ལ་དྲན་དགོས་པ་ཟེར་བ་ལ་སོགས་པའི་མི་དམངས་སྐུལ་དེད་ཀྱི་ལས་འགུལ་ཧ་ཅང་མང་པོ་སྤེལ་མུས་ཡིན་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ཀྱི་རྒྱལ་ས་ལྷ་ས་ནས་བོད་མི་ཞིག་གིས། དེང་སང་མི་དམངས་སྐུལ་དེད་ཀྱི་ལས་འགུལ་འདི་དག་ནི་ཧ་ལམ་རིག་གནས་གསར་བརྗེ་ཆེན་མོའི་ལས་འགུལ་ཟེར་བ་སྤེལ་བ་དེ་བསྐྱར་ལོག་བརྒྱབ་བཞིན་པའི་རྣམ་པ་དང་མཚུངས་པ་ཞིག་ཡོང་གི་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དང་ལས་བྱེད་པ་ཚོར་འགྲེམས་སྤེལ་བྱས་པའི་དོན་ཚན་དྲུག་ཅན་གྱི་ཡིག་ཆ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་སྲོལ་ཡིག་དང་དམར་ཤོག་ཚོགས་པའི་ཚོགས་མི་ཚོར་སློབ་གསོ་དང་དོ་དམ་བྱེད་པའི་ལས་ཀའི་སྲོལ་ཡིག་གཞིར་བཟུང་དམར་ཤོགས་ཚོགས་པའི་ཚོགས་མི་ཚོའི་བྱ་སྤྱོད་ཚད་བཀག་གི་ཡིག་ཆ་ཞིག་ཡིན་པ་ལག་ཐོབ་བྱུང་བའི་ཡིག་ཆ་དེའི་ནང་གསལ་འདུག

ཡིག་ཆ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་མི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་དེ་དག་བོད་ཀྱི་ནང་ཆོས་དང་འབྲེལ་བ་ཡོངས་སུ་རྩ་བཅད་གཏོང་རྒྱུ་དེ་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་འདུག་ལ། དཔེར་ན་ཡིག་ཆ་དེའི་ནང་དམར་ཤོག་ཚོགས་པའི་ཚོགས་མི་དོ་བདག་སོ་སོའི་ངོས་ནས་ཆོད་དད་མི་ཆོག་པ་ཙམ་མ་ཟད། ནང་མི་དང་ཉེ་འབྲེལ་ཚོའི་ཆོས་ལུགས་ཀྱི་འདུ་ཤེས་ཉམས་ཞན་གཏོང་རྒྱུའི་ཐད་ཧུར་སྐྱེད་བྱེད་དགོས་པ་བརྗོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་བྱེད་ཚེ་ལས་ཀ་དང་སློབ་སྦྱོང་སོགས་ཀྱི་གོ་སྐབས་མང་བ་ཡོད་པ་ཡོངས་གྲགས་ཡིན་ཞིང་། བར་སྐབས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིའི་གྲངས་འབོར་འཕེལ་རྒྱས་གཏོང་རྒྱུའི་ལས་འགུལ་ཆེ་ཕྲ་མང་དག་ཞིག་སྤེལ་མུས་ཡིན་པ་རེད། འོན་ཀྱང་དམར་ཤོག་ཚོགས་པའི་ཚོགས་མི་བྱེད་པ་ནས་བཟུང་ཆོས་ལུགས་དང་དད་པ་བྱེད་དབང་མེད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོས་ཞུ་དགོས་པ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་རྩ་བ་ནས་ཞུ་མི་ཆོག་སོགས་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་འཛིན་གྱི་སྲིད་བྱུས་ཁག་ལ་ཁས་ལེན་བྱེད་དགོས་ཀྱི་ཡོད་པ་རེད།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལག་ཐོབ་བྱུང་བའི་ཡིག་ཆ་དེ་གཞིར་བཟུང་ལྟར་ན། བོད་མི་དམར་ཤོག་ཚོགས་པའི་ཚོགས་མི་དེ་དག་གིས་ཆོས་ལ་མངོན་གསལ་དུ་ཡིད་ཆེས་མི་བྱེད་ཀྱང་ལྐོག་ཏུ་ཡིད་ཆེས་བྱེད་པ་ཡང་ཆོག་རྒྱུ་མིན་པ་དང་། ལས་གནས་སུ་ཡོད་དུས་ཆོད་དད་མེད་མདོག་དང་ལས་འཁྱུར་ངལ་གསོའི་སྐབས་ཡིད་ཆེས་བྱེད་པའི་བྱ་སྤྱོད་ཁག་མཐའ་ཅིག་ཏུ་འགོག་དགོས་པ་ནན་བརྗོད་བྱས་འདུག

ད་དུང་ཡིག་ཆ་དེའི་ནང་དོ་སྣང་ཧ་ཅང་ཆེན་པོ་བྱེད་དགོས་པའི་གནད་དོན་ཁག་ནི། བོད་མི་དམར་ཤོགས་ཚོགས་པའི་ཚོགས་མི་ཚོས་རང་ཉིད་ཀྱི་ལུས་ལ་ཕྲེང་བ་དང་ལྷ་སྐུ་སོགས་ཆོས་ལུགས་ཀྱི་མཚོན་རྟགས་འདོགས་མི་ཆོག་པ་དང་། དགོན་སྡེ་ཁག་ལ་དངུལ་དང་དངོས་པའི་ཞལ་འདེབས་རྒྱག་མི་ཆོག་པ། གནས་མཇལ་དང་མཆོད་འབུལ། སྒོམ་སྒྲུབ་སོགས་བྱེད་མི་ཆོག་པ་མ་ཟད། མཐའ་ན་བླ་མའི་མདུན་ནས་བུ་ཕྲུག་མིང་ཞུ་བ་ཚུན་ཆད་མི་ཆོག་པ་སོགས་ཡིན་ཞིང་། དེ་དག་ནི་བོད་མི་དེ་དག་གི་ཕ་མེས་ནས་བརྒྱུད་པའི་རིག་གཞུང་གོམས་གཤིས་རྩ་འགོག་གཏོང་རྒྱུའི་འཆར་གཞི་ངེས་ཅན་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།

ད་དུང་རྒྱ་ནག་གཞུང་གི་ཡིག་ཆ་དེའི་ནང་། བོད་མི་དམར་ཤོག་ཚོགས་པའི་ཚོགས་མི་དེ་དག་གིས་ཆོས་ལུགས་ཀྱི་སྒྲ་བརྙན་དང་། ཆོས་ལུགས་ཀྱི་ཆ་འཕྲིན། ཆོས་དཔེ་བཅས་བརྒྱུད་སྤེལ་མི་བྱེད་པ་དང་དགའ་རྟགས་རྒྱབ་མི་ཆོག་པ་བརྗོད་འདུག་པར་མ་ཟད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ངོ་རྒོལ་ཡོད་པའི་དབྱེ་མཚམས་གསལ་པོ་ཕྱེ་དགོས་པ་དང་། ནང་མི་དང་གཉེན་ཉེ་ཕྱི་རྒྱལ་དུ་བསྐྱོད་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་ཆེན་པོ་མཆོག་་མཇལ་བའམ་ཡང་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིགས་འོག་ཏུ་ཡོད་པའི་ཆོས་ཚོགས་ཀྱིས་གཉེར་བའི་ཆོས་ཚོགས་དང་། ཆོས་ལུགས་བྱེད་སྒོ་སྤེལ་རིགས་ནང་ཞུགས་པ་ཤེས་རྟོགས་འབྱུང་ཚེ། དུས་ཐོག་ཏུ་བཀག་འགོག་བྱ་དགོས་པ་དང་། བཀག་འགོག་བྱས་ཀྱང་ཕན་ནུས་མ་ཐོན་ན་འཕྲལ་མར་ཏང་གི་རྩ་འཛུགས་ལ་སྙན་སེང་ཞུ་དགོས་པ་སོགས་བརྗོད་དེ། ནང་མི་ཕན་ཚན་དང་གཉེན་ཉེ་འབྲེལ་ཕན་ཚུན་དབར་མི་མཐུན་པ་བཟོ་ཐབས་འཛུབ་སྟོན་ཀྱང་བྱས་འདུག
བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ནང་ཁུལ་ལ་འགྲེམ་སྤེལ་བྱས་པའི་ཡིག་ཆ་དེའི་ནང་དམར་ཤོག་ཚོགས་པའི་ཚོགས་མི་ཚོས། ཆོས་ལ་དད་པ་བྱེད་མཁན་གྱི་སོ་སོའི་ནང་མི་དང་ཉེ་འབྲེལ་ཚོའི་ཁྱིམ་དུ་མཆོད་གཤོམ་མི་འཇོག་པ་དང་། ཆོས་ལུགས་ཀྱི་དངོས་རྫས་མི་འཇོག་པ། ཆོས་ལུགས་མི་སྣའི་སྐུ་པར་མི་འགེལ་བའི་ཁ་ཏ་བསླབ་བྱ་བྱེད་རྒྱུ་ནི་དམར་ཤོག་ཚོགས་པའི་ཚོགས་མི་ཚོའི་ལས་འགན་ཡིན་པ་སོགས་བརྗོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།