རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག

2023.09.28
རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བ་དང་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག ལྷ་སར་རྒྱ་ནག་གི་ཉེན་རྟོག་པས་ཞིབ་བཤེར་བྱེད་བཞིན་པ། ༩།༢༠༢༣
Chinese State Media

ཕྱི་ཟླ་༡༠་ཚེས་༡་སྟེ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་ཟེར་བ་སླེབས་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ། རྒྱལ་སྟོན་དུས་ཆེན་ལ་བདེ་འཇགས་གྲ་སྒྲིག་ཆེད་ཡིན་སྐོར་བརྗོད་ནས་མི་མང་འདུས་སྡོད་ཁུལ་དུ་དྲག་ཆས་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས། མི་མང་གི་འགྲོ་འདུག་ལ་ཞིབ་བཤེར་དང་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ནས་ལྷ་སར་ཡོང་མཁན་ཚོར། ཡིག་ཆ་དང་ལྷ་སར་ཡོང་བའི་ཆོག་མཆན་རིགས་ལ་ནོར་འཁྲུལ་ཅུང་ཙམ་ཡོད་ན་ལྷ་ས་ནས་ཕྱིར་ཕུད་གཏོང་བ་དང་། ཡང་ན་ཁང་པའི་ནང་བཅུག་སྟེ་ཕྱི་ལ་འབུད་མི་ཆོག་པ་བཟོ་བཞིན་པ་བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་དྲ་རྒྱའི་སྟེང་སྤེལ་བའི་དེ་འབྲེལ་གྱི་གནས་ཚུལ་ནང་། རྒྱལ་སྟོན་དུས་ཆེན་ལ་ཞི་འཇགས་ཡོང་ཆེད་དང་མངོན་མེད་རྐྱེན་ངན་རྟོགས་ཞིབ་ཆེད། ལྷ་ས་ཁུལ་གྱི་ཉེན་རྟོག་པ་དང་འགྲིམ་འགྲུལ་ཉེན་རྟོག་མཉམ་འབྲེལ་ངང་ཞིབ་བཤེར་བྱེད་མགོ་ཚུགས་ཏེ། འགྲིམ་འགྲུལ་བདེ་འཇགས་དང་ལམ་ཁ་བཀག་མི་བཅུག་ཆེད་དང་། རླངས་འཁོར་ནང་འགད་རྫས་རིགས་དང་གསང་བའི་དངོས་རིགས་སྐྱེལ་འདྲེན་རིགས་ལ་ཞིབ་བཤེར་བྱ་རྒྱུ་ཡིན་པ་བཀོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་དུས་ཆེན་ཁག་ལ་བོད་ནང་དམིགས་བསལ་དམ་དྲག་བྱེད་བཞིན་པ་དེས་རྒྱ་བོད་མི་རིགས་གཉིས་ཀྱི་ལོ་རྒྱུས་ཀྱི་དྲན་པ་སོ་སོ་ཡིན་པས། རྒྱ་ནག་གཞུང་དགའ་དགོས་པའི་དུས་ཆེན་ཁག་བོད་མི་ཚོར་མཚོན་ན་སྐྱོ་དགོས་པའི་ཉིན་མོ་ལ་འཁེལ་ཡོད་པས་ཡིན་པ་བརྗོད་བྱུང་།
ལོ་ལྟར་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ཟླ་༡༠་ཚེས་གཅིག་ཉིན། རྒྱལ་བཙུགས་དུས་ཆེན་ཞེས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་གཞུང་འབྲེལ་མཛད་སྒོ་བསྐོངས་ཚོགས་ཀྱིས། ཉིན་དེ་ནི་རྒྱ་ནག་གི་ལོ་རྒྱུས་ཁྲོད་གཟི་བརྗིད་ལྡན་པ་ཡིན་པའི་དྲིལ་བསྒྲགས་སྣ་ཚོགས་བྱེད་བཞིན་ཡོད་ན་ཡང་། ལོ་ལྟར་དུས་ཆེན་དེ་དག་དང་བསྟུན་བོད་གཙོས་གྲངས་ཉུང་མི་རིགས་ཁག་ནང་དམ་དྲག་དང་དྲག་གནོན་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
ཟླ་བ་ཚེ་རིང་ལགས་ཀྱིས་མུ་མཐུད་བརྗོད་ན། རྒྱ་ནག་དམར་ཤོག་ཚོགས་པ་ཚུགས་པ་ནས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་སྟབས། ཉིན་མོ་དེ་བོད་ལ་མཚོན་ན་ལོ་རྒྱུས་ཀྱི་དྲན་པ་སྐྱོ་བ་སྐྱེས་དགོས་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱེད་དགོས་སྐོར་འགྲེལ་བརྗོད་གནང་གི་འདུག
འདི་ལོ་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་༧༤ལོན་པའི་དུས་ཆེན་མཛད་སྒོ་ཚོགས་འཆར་ཡོད་པ་དང་། ཕྱི་ཚེས་༢༥ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་སྟོན་པ་ཝང་ཧུ་ནན་ཟེར་བས། འདི་ལོའི་རྒྱལ་སྟོན་དུས་ཆེན་དང་འབྲེལ་རྒྱལ་ཁབ་གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ། རྒྱ་ཆེན་པོས་རྒྱལ་ཞེན་སློབ་གསོ་སྤེལ་དགོས་སྐོར་བརྗོད་ཡོད་པ་དང་། བོད་ནང་ལ་མཚོན་ན་ལོ་ལྟར་ཉིན་དེར་བོད་མི་ཚོར་བཙན་ཤེད་ཀྱིས་རྒྱ་ནག་གཞུང་འབྲེལ་ཆབ་སྲིད་སློབ་གསོ་སྤེལ་བ་དང་། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཀུན་ལ་དོགས་ཟོན་དང་དམ་དྲགས་བྱེད་བཞིན་པ་རེད།


གསར་འགོད་པ། བསྟན་འཛིན་འཕགས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎