རྒྱ་གཞུང་གིས་ཧོང་ཀོང་རྒྱང་སྲིང་རླུང་འཕྲིན་ཞིག་བཀག་འགོག

རྒྱ་ནག་གཞུང་གིས་ཧོང་ཀོང་ནས་རྒྱང་སྲིང་བྱས་པའི་གཟུགས་མཐོང་རླུང་འཕྲིན་གྱི་ལས་རིམ་ཁག་ཐོག་བཀག་འགོག་བྱས་ཡོད་པ་རེད་

2009-12-14
Share

༄༅༎རྒྱ་ནག་གཞུང་གིས་ཧོང་ཀོང་ནས་རྒྱང་སྲིང་བྱས་པའི་གཟུགས་མཐོང་རླུང་འཕྲིན་གྱི་ལས་རིམ་ཁག་ཐོག་བཀག་འགོག་བྱས་ཡོད་པ་རེད་            རྒྱ་ནག་གཞུང་གིས་གསར་འགོད་ཐོག་དམ་བསྒྲགས་བྱས་དང་བྱེད་བཞིན་པའི་ལས་འཆར་ཁོངས་ཁ་ཉིན་ཕྱི་ཚེས་ལྔ་ཉིན་རྒྱ་ནག་སྐམ་སའི་ནང་ཧོང་ཀོང་གི་སཱན་ཊི་ལྦི་ཞེས་པའི་གཟུགས་མཐོང་རླུང་འཕྲིན་གྱི་རྒྱང་སྲིང་དེ་གཟིགས་མཁན་རྣམས་ཀྱིས་རྒྱང་སྲིང་ལས་ཁུངས་ལ་རྒྱང་སྲིང་དེ་བལྟ་ཐུབ་ཀྱི་མེད་པའི་ལན་གསལ་བྱས་ཡོད་པ་རེད་

དེ་ཡང་ཧོང་ཀོང་གི་སཱན་ཊི་ལྦི་ཞེས་པའི་ལས་ཁང་དེའི་མགྲིན་ཚབ་པས་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གིས་འདྲི་རྩད་ལ་ང་ཚོའི་རྒྱང་སྲིང་གཟིགས་མཁན་འགའ་ཤས་ཀྱིས་ང་ཚོིའི་ལས་ཁུངས་ལ་ཁ་དཔར་བཏང་སོང་    ང་ཚོས་རྗེས་སུ་ཤེས་རྟོགས་བྱུང་བར་གཞིགས་ན་རྒྱ་ནག་སྐམ་སར་རྒྱང་སྲིང་བྱས་པའི་ལས་རིམ་ཁག་བཀག་འགོག་བྱས་པ་དེ་དངོས་འབྲེལ་རེད་འདུག དེའི་རྒྱུ་མཚན་གང་ཡིན་ཤེས་ཀྱི་མིན་འདུག་ཅེས་གསུངས་འདུག

གོང་ཞུས་ཧོང་ཀོང་ནས་རྒྱང་སྲིང་བྱས་པའི་ལས་རིམ་དེ་གཟུགས་མཐོང་རླུང་འཕྲིན་གྱི་གསར་འགོད་ཐོག་མཚན་སྙན་ཆེ་བའི་རྒྱ་རིགས་དབྱང་ལཱན་ཞེས་པ་ཞིག་གིས་གསར་འཛུགས་གནང་བ་ཞིག་ཡིན་པ་དང་རྒྱང་སྲིང་དེ་ཧོང་ཀོང་ནང་མ་ཟད་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་རྒྱལ་ཁབ་ཁག་ནང་རྒྱང་སྲིང་བྱེད་ཀྱི་ཡོད་པ་རེད་ རྒྱ་གཞུང་གིས་གོང་ཞུས་རྒྱང་སྲིང་དེ་བཀག་པའི་རྒྱུ་མཚན་ཇི་ཡིན་གསལ་པོ་མེད་ཀྱང་ལས་རིམ་དེའི་ནང་གི་མགྲོན་འབོད་སྐུ་མགྲོན་རྣམས་ཀྱིས་སྲིད་དོན་གྱི་གཏམ་བཤད་ཁག་སྦས་གསང་མེད་པར་གནང་བ་དེས་རྒྱ་ནག་ཁོང་ཁྲོ་ལངས་ཡོད་པའི་ཚོད་དཔག་གནང་མཁན་ཡོད་པ་རེད་ ད་ཐེངས་ཀྱི་རྒྱ་གཞུང་གི་དམ་བསྒྲགས་དེ་ཉེ་ལམ་མི་གྲངས་སྟོང་ཕྲག་འགའ་ཤས་ཤིག་ཀམ་པུ་ཀྲར་ནང་འཁྲིག་སྤྱོད་ཀྱི་དྲ་རྒྱ་བེད་སྤྱོད་བྱས་པའི་ནག་ཉེས་ཐོག་འཛིན་བཟུང་དོ་དམ་བྱས་པའི་རྗེས་བྱུང་བ་ཞིག་ཡིན་པ་དང་དྲ་རྒྱ་དེ་འདྲ་བ་ཡོད་པ་གཞུང་ལ་ལན་གསལ་བྱེད་མཁན་ཚོར་དངུལ་རྒྱ་མིའི་ཤོག་དངུལ་ཆིག་ཁྲི་གསོལ་རས་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་            ལོ་རྒྱུས་ཐོག་རྒྱ་ནག་གུང་བྲན་གྱི་གཞུང་དེས་དྲ་རྒྱའི་ནང་གི་གནས་ཚུལ་ཇི་བཀོད་ཆོག་མིན་ཐོག་དམ་བསྒྲགས་བྱེད་པ་མངོན་གསལ་དང་ལྷག་པར་དུ་སྲིད་དོན་ཐོག་དམ་བསྒྲགས་དེ་ནི་དེ་བས་ཆེ་བ་ཡོད་པ་རེད་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།