ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོང་དོན་གྲོས་ཆོད་གནས་སྐབས་ནར་འགྱངས།

2021-05-05
Share
ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོང་དོན་གྲོས་ཆོད་གནས་སྐབས་ནར་འགྱངས། ཡོ་རོབ་དང་རྒྱ་ནག་གི་དར་ཆ།
Reuters

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་གྱི་ཕན་ཚུན་མ་རྩ་འཛུགས་རྒྱུའི་ཚོང་དོན་གྲོས་ཆོད་འཇོག་རྒྱུ་གནས་སྐབས་ནར་འགྱངས་བྱས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་གིས་ཡ་ལན་ལྟ་བུར་ཡོ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ལྔའི་ཐོག་ཉེས་ཆད་བཀེལ་བར་བརྟེན་ནས་བྱུང་བ་ཡིན་པ་རེད།
འདི་ཚེས་༥་རེས་གཟའ་ལྷག་པའི་ཉིན་ཡོ་རོབ་མཉམ་འབྲེལ་གྱི་ངོས་ནས་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་དང་ཚོང་དོན་མ་རྩ་འཛུགས་ཕྱོགས་དང་འབྲེལ་བའི་གྲོས་མཐུན་དེ་ཡོ་རོབ་མཉམ་འབྲེལ་གྱི་ཚོགས་ཞུགས་རྒྱལ་ཁབ་ཚང་མ་དང་འབྲེལ་བ་ཡོད་སྟབས། རྒྱ་ནག་གཞུང་གིས་ཡོ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་གཅིག་ལ་དམ་དྲག་གི་ཉེས་ཆད་བཀེལ་བ་དེ་ངོས་ལེན་གནང་ཐབས་མེད་པ་དང་། བློ་ཕམ་གྱི་རང་བཞིན་ལ་བརྟེན་ཁྱབ་ཆེའི་མ་རྩ་འཛུགས་ཕྱོགས་གྱི་གྲོས་མཐུན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ནས་གཏན་འབེབས་ཡོང་ཐབས་དཀའ་བ་འགྲེལ་བརྗོད་གནང་འདུག
རེས་གཟའ་མིག་དམར་ཉིན་ཡོ་རོབ་མཉམ་འབྲེལ་གྱི་ཚོང་འབྲེལ་སྤྱི་ཁྱབ་(Valdis Dombroskis)་ཡིས། ང་ཚོའི་ལྷན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ཆབ་སྲིད་ཀྱི་འབྲེལ་ལམ་ཁག་མཚམས་འཇོག་བྱས་ཡོད། དེ་ནི་ད་ལྟའི་ཁོར་ཡུག་འོག་གྲོས་མཐུན་དེ་འདྲ་གཏན་འབེབས་གནང་བདེ་མེད་ལུགས་གསུངས་འདུག
ཕྱི་ལོ་༢༠༢༠་ལོར་ཡོ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ནང་མ་རྩ་འཛུགས་ཕྱོགས་ཐད་གཞི་རྒྱ་ཆེ་བའི་གྲོས་མཐུན་སྣོན་འཇོག་སྐབས། ཡོ་རོབ་མཉམ་འབྲེལ་གྱི་འགན་འཛིན་ལྷན་ཚོགས་ཀྱིས་བསྔགས་བརྗོད་གནང་ཡོད་རེད། འོན་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ངལ་རྩོལ་གྱི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཕྱིན་པ་དང་། ཨ་མི་རི་ཀས་གྲོས་མཐུན་དེར་སྔ་ས་ནས་ཐེ་ཚོམ་གནང་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཡོ་རོབ་མཉམ་འབྲེལ་གྱི་ཚོགས་ཞུགས་རྒྱལ་ཁབ་ལྔར་དམ་དྲག་མ་བྱས་གོང་ནས་ཚོང་འབྲེལ་གྱི་གྲོས་མཐུན་དེ་གཏན་འབེབས་ཡོང་མིན་སྔ་ས་ནས་ཐེ་ཚོམ་བྱས་ཡོད་འདུག
དེ་ལྟར་ཡང་ད་ལྟ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་གྲོས་མོལ་གྱི་ཡིག་ཆ་དེ་ཚོགས་ཞུགས་རྒྱལ་ཁབ་ཚོའི་སྐད་ཡིག་ནང་ཕབ་བསྒྱུར་གྱིས་ཁྲིམས་ཐོག་ནས་ཞིབ་འཇུག་གིས་ཕྱི་ལོ་༢༠༢༢་ལོར་གྲོས་ཚོགས་ལ་བསྐྱར་ཞིབ་ཆེད་འབུལ་གཏན་འཁེལ་ཡོད་འདུག
སྤྱི་ཚོགས་མང་གཙོ་དང་ལྗང་ཁུ་ཚོགས་པས་གྲོས་མཐུན་དེར་རྒྱབ་སྐྱོར་བྱེད་ཀྱི་མེད་པ་དང་། དེ་བས་ཡོ་རོབ་གྲོས་ཚོགས་ནང་གྲོས་མཐུན་དེར་རྒྱབ་སྐྱོར་ཐོབ་རྒྱུ་ཁག་ཙམ་ཡོད་པ་ཡོ་རོབ་མཉམ་འབྲེལ་གྱི་ཚོང་འབྲེལ་སྤྱི་ཁྱབ་པས་ངོས་འཛིན་གནང་གི་ཡོད་པ་གསུངས་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།