རྒྱལ་སྲུང་བློན་ཆེན་གཉིས་མཇལ་འཕྲད་གནང་རྒྱུའི་ཨ་རིའི་དགོས་འདུན་ལ་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག

2023.05.30
རྒྱལ་སྲུང་བློན་ཆེན་གཉིས་མཇལ་འཕྲད་གནང་རྒྱུའི་ཨ་རིའི་དགོས་འདུན་ལ་རྒྱ་ནག་གིས་ངོས་ལེན་བྱས་མི་འདུག
རོཡི་ཊརས།

དེ་ཡང་རོ་ཡེ་ཊིར་གསར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་མེ་རི་ཀས་ཨ་རི་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གཉིས་རེས་གཟའ་པ་སངས་ཉིན་སེང་གྷ་ཕོར་ཏུ་འཚོགས་རྒྱུའི་ལོ་འཁོར་བདེ་འཇགས་སྐོར་གྱི་ལྷན་ཚོགས་སྐབས་མཇལ་འཕྲད་གནང་རྒྱུའི་དགོས་འདུན་བཏོན་ཡང་རྒྱ་ནག་གིས་དེ་ངོས་ལེན་བྱས་མེད་པར་བརྟེན། དེ་ནི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་འབྲེལ་བ་ཛ་དྲག་ཡིན་པ་མཚོན་ཡོད་ཅེས་གནས་ཚུལ་ནང་བཀོད་འདུག
ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་རིའི་Wall Streert jounal ཉིན་རེའི་ཚགས་པར་ལ་གནང་བའི་གསལ་བསྒྲགས་ནང་། ང་ཚོའི་ད་ལོའི་ཟླ ༥ པའི་འགོ་སྟོད་ནས་སེང་གྷ་ཕོར་རུ་ཨ་རིའི་རྒྱལ་སྲུང་བློན་ཆེན་ཨོ་སི་ཀྲོན་དང་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལའེ་ཧྲང་ཧྥུ་གཉིས་ཐུག་འཕྲད་གནང་རྒྱུའི་དགོས་འདུན་བཏོན་པ་དེ་རྒྱ་ནག་གཞུང་གིས་ངོས་ལེན་བྱེད་ཐབས་མེད་ལུགས་ང་ཚོར་བརྡ་ལན་སྤྲད་སོང་ཞེས་བཀོད་ཡོད་པ་རེད།
ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་སྦ་གསང་མེད་པར་འབྲེལ་འདྲིས་བྱས་ན་ད་ལྟའི་འགྲན་རྩོད་ཀྱི་རྣམ་པ་འདི་འགལ་ཟླ་རུ་མི་འགྱུར་རྒྱུར་སྔོན་འགོག་ཐུབ་པར་ཡིད་ཆེས་བྱས་འདུག
ས་ཁུལ་བདེ་འཇགས་ཀྱི་ཛ་དྲག་གནས་བབ་དང་ཉོ་ཚོང་རྩོད་རྙོག་གི་དབང་གིས་ཨ་རི་དང་རྒྱ་ནག་གཉིས་ཡང་བསྐྱར་འབྲེལ་བ་བྱེད་རྒྱུའི་ལས་དོན་དཀའ་ངལ་ལ་ཐུག་ཡོད་པ་དང་། དེའི་རྐྱེན་པས་བདུན་ཕྲག་འདིའི་མཇུག་ཏུ་འཚོགས་རྒྱུའི་ལྷན་ཚོགས་དེའི་མདུན་ལྗོངས་མག་མོག་ཆགས་ཡོད་ཅེས་གནས་ཚུལ་ནང་བཀོད་འདུག
རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཉིན་ཟེར་བས་ཨ་རིའི་རང་ཉིད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་ལྷག་བསམ་རྣམ་དག་གིས་དམག་དཔུང་གཉིས་བར་འབྲེལ་འདྲིས་བྱེད་རྒྱུར་དགོས་ངེས་ཀྱི་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་དགོས་ཞེས་རྒྱལ་སྲུང་བློན་ཆེན་གཉིས་ཐུག་མ་ཐུབ་པའི་སྐྱོན་ཆ་དེ་ཨ་རིར་བཀལ་ཡོད་པ་རེད།
གནད་དོན་དབྱེ་ཞིབ་པས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱིས་ཨ་རིའི་རྒྱལ་སྲུང་བློན་ཆེན་དང་ཐུག་འདོད་མེད་པ་དེས་ས་ཁུལ་བདེ་འཇགས་ཀྱི་གནས་སྟངས་ཇེ་སྡུག་ཏུ་གཏོང་ངེས་པས་བློ་ཚབས་སྐྱེ་གཞི་ཡིན་འགྲེལ་བརྗོད་བྱས་འདུག
ད་རེས་རེས་གཟའ་པ་སངས་ཉིན་སེང་གྷ་ཕོར་ཏུ་འཚོགས་རྒྱུའི་ལོ་འཁོར་བདེ་འཇགས་ལྷན་ཚོགས་དེ་ནི་རྒྱལ་སྲུང་བློན་ཆེན་དང་གནད་དོན་དབྱེ་ཞིབ་པའི་ལྷན་ཚོགས་ཤིག་ཡིན་པ་དང་། ལྷན་ཚོགས་གཙོ་བོ་དེ་མ་གཏོགས་གཞན་ཟུར་དུ་ཚོགས་འདུ་ཆུང་ངུ་མང་པོ་ཚོགས་སྲོལ་ཡོད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ།  དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎