རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་བྱས་བ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆའི་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག

2024.09.06
རྒྱལ་མཚན་ནོར་བུ་བསྐྱར་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐོ་གཞག་བྱས་བ་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ལག་ཆའི་ཆེད་ཡིན་པ་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་རྒྱ་ནག་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ༠༣།༠༧།༢༠༢༤
AP

ཕྱི་ཟླ་༩་བའི་ཚེས་༣ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཚོགས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༡༢པའི་ཐོག་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་བསྐྱར་དུ་བསྐོ་བཞག་བྱས་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་གིས་བསྒྲགས་འདུག དེ་ནི་ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་དྲུག་པའི་ནང་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་རང་སྐྱོང་ལྗོངས་ཟེར་བའི་ཡན་ལག་མཐུན་ཚོགས་ཀྱི་ཚོགས་འདུ་ཐེངས་༡༡པའི་ཐོག་རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་ཚོགས་གཙོར་འདེམས་བསྐོ་བྱས་པའི་རྗེས། ད་ལོའི་མཐུན་ཚོགས་ཀྱི་ཚོགས་འདུ་ཐེངས་༡༢པའི་ཐོག་རྒྱལ་མཚན་ནོར་བུ་སླར་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་བསྐོ་བྱས་པ་ཡིན་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིའི་སྐབས། རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་སླར་ཡང་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོར་འདེམས་བསྐོ་བྱས་པ་ནི། ཁོང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱ་ཆེད་བསྐོ་བཞག་བྱས་པ་ལས་ཁོང་གིས་ད་བར་མཚན་གནས་དེའི་ཐོག་ནས་བོད་ལ་ཕན་པ་ནི་གང་ཡང་གནང་ཡོད་པ་མ་རེད་ཅེས་གསུངས་བྱུང་།
བོད་གནས་བསྐྱར་ཞིབ་ཐོག་གནས་ཚུལ་དབྱེ་ཞིབ་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྟན་མཐུན་ཚོགས་དེ་བཞིན་རྒྱ་ནག་གཞུང་འབྲེལ་ནང་བསྟན་མཐུན་ཚོགས་ཟེར་བའི་ཡན་ལག་ཡིན་པ་དང་། དེ་ཡང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁང་གི་སྟངས་འཛིན་འོག་གནས་པའི་མཐུན་ཚོགས་ཤིག་ཡིན་ཞིང་། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དེ་བཞིན་རྒྱ་ནག་ཅན་དུ་སྒྱུར་ཐབས་ཀྱིས་བོད་རྒྱ་ཆེའི་མང་ཚོགས་ཀྱིས་རྒྱ་ནག་དམར་ཤོག་གཞུང་གིས་དབང་འཛིན་བྱེད་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་དབང་ལ་བརྩི་བཀུར་ཞུ་ཐབས་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུར་མང་ཚོགས་ཀྱིས་གུས་བཀུར་བྱས་ནས་མ་འོངས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་གནད་དོན་ཐད་ནུས་པ་འདོན་ཐུབ་རྒྱུར་འབད་རྩོན་བྱེད་བཞིན་ཡོད་པ་སོགས་དབྱེ་ཞིབ་བྱས་འདུག
དེ་བཞིན་བུ་ཆུང་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པན་ཆེན་རྒྱལ་མཚན་ནོར་བུ་ལ་ད་བར་རྒྱ་ནག་གཞུང་གིས་གོ་གནས་ཆེན་པོ་དེ་ཙམ་སྤྲད་ཡོད་པ་མ་རེད། དེ་ལ་བལྟས་ན་རྒྱ་ནག་གཞུང་གིས་ཁོང་ལ་ཡིད་ཆེས་ག་ཚོད་བྱེད་ཀྱི་ཡོད་མེད་དེ་དྲི་བ་ཞིག་རེད། ཇི་སྲིད་ཁོང་ནས་པན་ཆེན་སྐུ་གོང་མ་བཞིན་བོད་མི་མང་ལ་ཕན་པའི་ཕྱག་ལས་ཤིག་མ་གནང་བར་བོད་ནང་གི་བོད་མི་ཚོས་ཁོང་ལ་ཡིད་ཆེས་ནམ་ཡང་སླེབས་ཐུབ་རྒྱུ་མིན་པ་གསུངས་བྱུང་།

Tibetan Women's Association hold placards and portraits of the 11th Panchen Lama, Gendhun Choekyi Nyima Ap.jpg
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཆེད་ལྡི་ལིར་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྐབས། ༠༥།༡༧།༢༠༢༣ པར། AP


པན་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས་ཐད་ཤུགས་རྐྱེན་ནུས་པ་ཆེན་པོ་བཏོན་ཡོད་པར་བརྟེན་ནས། ཕྱི་ལོ་༡༩༩༥ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡབ་ཡུམ་དང་བཅས་བ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ད་དུང་ཡང་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ལོ་དེར་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་པན་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་བསྐོ་བཞག་བྱས་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་ནང་བསྟན་མཐུན་ཚོགས་ཟེར་བས་ཆོས་ལུགས་ཁག་གི་བླ་ཆེན་རྣམས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། དེ་ནི་མ་འོངས་པར་རྒྱ་ནག་གི་འདོད་མོས་བཞིན་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་བྱ་ཕྱོགས་ཀྱི་བརྒྱུད་རིམ་ཞིག་བཟོ་བཞིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།


གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་ལོ་གསར་དང་སྟབས་བསྟུན་ནས་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་ལམ་ཟུར་དུ་རླངས་འཁོར་འཇོག་རིན་བསྡུ་ལེན་མི་བྱེད་རྒྱུའི་ཁྲིམས་ཡིག་ཉན་ཞིབ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ཏུ་བཙན་ཐབས་ཀྱིས་རྒྱལ་སྟོན་དུས་ཆེན་ཟེར་བ་གཞི་རྒྱ་ཆེན་པོས་སྲུང་བརྩི་བྱེད་བཅུག་ཡོད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎