རྒྱ་ནག་གཞུང་གིས་རྒན་ཡོལ་གྱི་ལོ་ཚད་སྤར་བ་དེས་བོད་ནང་གི་བོད་མི་ལས་བྱེད་པ་མང་པོའི་མི་ཚེར་དོ་ཕོག་འགྲོ་རྒྱུ་ཡིན་པ་བརྗོད་བྱུང་།

2024.09.19
རྒྱ་ནག་གཞུང་གིས་རྒན་ཡོལ་གྱི་ལོ་ཚད་སྤར་བ་དེས་བོད་ནང་གི་བོད་མི་ལས་བྱེད་པ་མང་པོའི་མི་ཚེར་དོ་ཕོག་འགྲོ་རྒྱུ་ཡིན་པ་བརྗོད་བྱུང་། རྒྱ་ནག་ཨན་ཧའེ་ཡི་སྤྱི་གླིང་ཞིག་གི་ནང་རྒན་རྒོན་ཚོས་ངལ་གསོ་རྒྱག་བཞིན་པ། ༠༩།༡༣།༢༠༢༤
AFP

* གནས་ཚུལ་ཁ་སྣོན་བྱས་ཡོད། ༠༩།༢༣།༢༠༢༤

ཕྱི་ཟླ་ ༩ ཚེས་ ༡༣ ཉིན། རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྷན་ཚོགས་ཐོག་རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་རིམ་གྱིས་སྤར་རྒྱུ་ཡིན་ལུགས་ཀྱི་ཐག་གཅོད་གསལ་བསྒྲགས་བྱས་ཡོད་པ་དང་། དེ་ཉིན་ཕྱི་དྲོར་རྒྱ་ནག་རྒྱལ་ཡོངས་མི་དམངས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་ནས་དེ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག རིང་མིན་༢༠༢༥ ཟླ་ ༡ ཚེས་ ༡ ནས་བཟུང་མ་འོངས་ལོ་ ༡༥ ཡི་ནང་དུ། རིམ་བཞིན་རྒྱ་ནག་གི་སྐྱེས་པ་ལས་བྱེད་པའི་ཁྲིམས་བཀོད་གཏན་འབེབས་བྱས་པའི་རྒས་ཡོལ་ལས་འཁྱུར་ངལ་གསོའི་ལོ་ཚད་སྔར་ལོ་ ༦༠ ཚད་བཀག་ཡིན་པ་ནས་ལོ་ ༦༣ ལ་སྤར་རྒྱུ་དང་། བུད་མེད་ལས་བྱེད་པའི་ཁྲིམས་བཀོད་གཏན་འབེབས་བྱས་པའི་རྒས་ཡོལ་ལས་འཁྱུར་ངལ་གསོའི་ལོ་ཚད་དེ་སྔར་གྱི་ལོ་ ༥༠ ནས་ ༥༥ དང་། ལོ་ ༥༥ ཡིན་པ་ནས་ ༥༨ བར་དུ་སྤར་རྒྱུ་ཡིན་ལུགས་རྒྱ་ནག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱི་འགན་འཛིན་ཝང་ཞིའོ་ཕིང་ (Wang Xiaoping) གིས་བསྒྲགས་ཡོད་པ་རེད།
འདི་ནི་རྒྱ་ནག་གི་ལས་བྱེད་པའི་རྒས་ཡོལ་ལས་འཁྱུར་ངལ་གསོའི་ལོ་ཚད་དེ་སྔ་དུས་རབས་ ༢༠ པའི་ལོ་རབས་ ༥༠ ནང་ཁྲིམས་བཀོད་གཏན་འབེབས་བྱས་པ་ནས་བཟུང་འདས་པའི་ལོ་ ༧༠ ནང་དུ་བསྒྱུར་བཅོས་བཏང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
གོང་ཞུས་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱི་འགན་འཛིན་ཝང་ཞིའོ་ཕིང་ (Wang Xiaoping) གིས། ཁྲིམས་བཀོད་གཏན་འབེབས་བྱས་པའི་རྒས་ཡོལ་ལོ་ཚད་རིམ་བཞིན་ཇེ་མཐོར་གཏོང་བའི་བརྒྱུད་རིམ་འདི་བཞིན་དང་བླངས་རང་བཞིན་དང་མཉེན་ལྕུག་རང་བཞིན་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་བརྗོད་ནས། ལས་བྱེད་པ་རྣམས་ཀྱིས་རང་མོས་ཐོག་ནས་ལོ་གསུམ་གྱི་རྒས་ཡོལ་སྔ་སྣུར་བྱེད་པ་དང་ཕྱི་འཁྱུར་བྱེད་རྒྱུའི་འདམ་ག་ཡོད་པ་བསྒྲགས་འདུག
གལ་ཏེ་རྒས་ཡོལ་སྔ་འཁྱུར་བྱས་ན། རྒན་ཕོགས་ལེན་ཆོག་པའི་མ་མཐའི་ལོ་ཚད་ལོན་དགོས་པ་མ་ཟད། ལོ་ཚད་དེ་ཡང་དེ་སྔའི་རྒས་ཡོལ་ལོ་ཚད་ལས་དམའ་བ་ཡིན་ཆོག་གི་མེད་པ་བསྒྲགས་འདུག
རྒྱ་ནག་གཞུང་གིས་འདི་ལྟར་ལས་བྱེད་པའི་རྒས་ཡོལ་ལོ་ཚད་སྤར་བའི་གནས་ཚུལ་འདིའི་ཐད་སྤྱི་ཚོགས་ཁྲོད་གླེང་སློང་འདྲ་མིན་བྱུང་བཞིན་ཡོད་པ་དང་། བོད་ཀྱི་ས་ཁུལ་གྱི་གནས་སྟངས་ཇི་འདྲ་ཡིན་མིན་ཐད་རྒྱུས་ལོན་བྱས་ཐབས་བྱས་པའི་སྐབས་སུ། རང་གི་བདེ་འཇགས་ཆེད་མིང་འདོན་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གསུང་ན། རྒས་ཡོལ་གྱི་ལོ་ཚད་སྤར་བ་འདི་ནི་རྒྱ་ནག་གཞུང་གིས་སྲིད་ཇུས་ཞིག་ཡིན་དུས་བོད་ནང་དུ་ཡང་དེ་ལྟར་ལག་བསྟར་བྱེད་རྒྱུ་ཡིན་པ་བརྗོད་མ་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།

བོད་ནང་ནས་རང་གི་མིང་བརྗོད་འདོད་མེད་པའི་ས་གནས་རྒྱ་ནག་གཞུང་གྱི་ལས་བྱེད་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་རེས་རྒྱ་ནག་གཞུང་གིས་རྒས་ཡོལ་གྱི་ལོ་ཚད་སྤར་བ་དེས། ང་ཚོ་རྒས་ཡོལ་བྱས་པའི་རྗེས་ཚོང་ལས་ལ་སོགས་པའི་ལས་དོན་གཞན་གཉེར་འདོད་ཡོད་པ་དེ་ཚོ་ལ་འགོག་རྐྱེན་བཟོས་སོང་ཞེས་བསམ་ཚུལ་བརྗོད་བྱུང་ལ། ཡང་དེའི་ནང་ནས་བོད་མི་ལས་བྱེད་པ་གཞན་ཞིག་གིས། རྒས་ཡོལ་གྱི་ལོ་ཚད་སྤར་པའི་རྐྱེན་གྱིས་ལས་བྱེད་མང་པོ་ཞིག་སོ་སོའི་ལས་གནས་ནས་དགོངས་པ་ཞུ་འདོད་ཡོད་ཀྱང་། རྒྱ་ནག་གཞུང་གིས་གསར་དུ་གཏན་འབེབ་བྱས་པའི་རྒས་ཡོལ་གྱི་ལོ་ཚད་དེ་མ་ཟིན་བར་དུ་ལས་གནས་ནས་དགོངས་པ་ཞུས་པ་ཡིན་ཚེ། རྒས་ཡོལ་གྱི་ཕོགས་ཐོབ་དང་དེ་མིན་གྱི་ཐོབ་ཐང་དང་ཁེ་ཕན་གཞན་ཁག་མི་རག་པའི་ཞེད་སྣང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་རྒས་ཡོལ་གྱི་ལོ་ཚད་སྤར་བ་འདི་ནི་གཞུང་གི་ལས་བྱེད་པ་ཚོ་དང་འབྲེལ་བ་ཡོད་པ་ལས། ང་ཚོ་ཞིང་འབྲོག་མང་ཚོགས་ལ་རྒན་ཡོལ་དང་རྒན་ཕོགས་ཟེར་བ་ཞིག་ལེན་ཆོག་པའི་ཐོབ་ཐང་མེད་ཅེས་བརྗོད་བྱུང་།
གཞན་རྒྱ་ནག་ནང་ཁྲིམས་ཐོག་ནས་གཏན་འབེབས་ག་རེ་ཡོད་ཀྱང་། དོན་དངོས་ཐོག་གཞུང་གི་ལས་བྱེད་པའི་ས་དམིགས་རག་ཐབས་བྱེད་རྒྱུ་དང་། རྒས་ཡོལ་སྔ་འཁྱུར་བྱེད་རྒྱུ་སོགས་ཚང་མ་འབྲེལ་ཡོད་འགོ་ཁྲིད་ལ་ལྐོག་རྔན་སྤྲད་ནས་ལམ་ཁ་འཚོལ་གྱི་ཡོད་པའི་ལམ་ལུགས་ཐབས་སྐྱོ་པོ་ཞིག་གི་འོག་ཏུ་གནས་ཡོད་པ་གནས་ཚུལ་རྒྱུས་མངའ་ཡོད་མཁན་ཞིག་གིས་འགྲེལ་བརྗོད་གནང་བྱུང་།

eng_chn_retirement-age_07242024_003.jpg
རྒྱ་ནག་ཅིང་སུའུ་ཕྱོགས་ཀྱི་རྒན་རྒོན་ཞིག ༠༤།༢༧།༢༠༢༤ (Jade Gao/AFP)


རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ཏུ། རྒས་ཡོལ་ལོ་ཚད་སྤར་རྒྱུའི་གཏན་འབེབས་གསར་པ་འདི་ནི་དེང་གི་རྒྱ་ནག་ནང་གི་མི་འབོར་གྱི་ཆ་སྙོམས་ཚེ་ཚད་དང་མི་འབོར་གྱི་གྲུབ་ཆ། སློབ་གསོའི་ཤེས་ཚད། ངལ་རྩོལ་ནུས་ཤུགས་སོགས་ཁྱོན་ཡོངས་ལ་བརྟག་དཔྱད་བྱས་ནས་གཏན་འབེབས་བྱས་པ་ཞིག་ཡིན་ལུགས་བསྒྲགས་འདུག
འདིའི་ཐད་ད་ལྟ་ཨ་རིར་གནས་སྡོད་རྒྱ་ནག་གི་སྐབས་དོན་ཆབ་སྲིད་དཔྱད་བརྗོད་པ་ ཁྲན་པོ་ཀོང་ (Chen Pokong) གིས། རྒས་ཡོལ་ལོ་ཚད་སྤར་བ་འདིས་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་ཡང་རྒས་ཡོལ་ལོ་ཚད་སྤར་བ་འདི་ནི་མི་རབས་གཅིག་ལ་ཁ་ཆད་དམ་བཅའ་བྱས་པར་རྒྱབ་འགལ་བྱས་པ་རེད་ཟེར་བ་སོགས་ཀྱི་ལྡོག་ཕྱོགས་ཀྱི་བསམ་ཚུལ་སྤེལ་མཁན་བྱུང་ཡོད་ཀྱང་། གནས་ཚུལ་དེ་དག་ཚང་མ་གཞུང་ཕྱོགས་ནས་ནག་སུབ་བཏང་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་དུ་ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་སྤར་བ་དེར་ཡི་མ་རང་བའི་རྣམ་འགྱུར་སྟོན་མཁན་མང་པོ་ཡོད་པ་དང་། དཔེར་ན་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་གསར་འགྱུར་ཁང་གིས་གོས་གོང་ཞུས་རྒས་ཡོལ་ལོ་ཚད་སྤར་བའི་སྐོར་ནས་གནས་ཚུལ་སྤེལ་བར་ཞབས་མཆན་བཀོད་མཁན་ཆིག་ཁྲི་གསུམ་སྟོང་ལྷག་བྱུང་ཡོད་ཀྱང་། མང་པོ་ཞིག་མཐོང་རྒྱུ་མེད་པ་བཟོས་ཡོད་པ་རེད།
སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་ཁག་ཏུ། དྲྭ་དམངས་ཚོས་མཆན་བྲིས་པའི་ནང་དུ་རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་མི་རག་པ་དང་ཡང་རྒན་རྒོན་ཚོ་རྒས་ཡོལ་དུ་འགྲོ་མི་ཆོག་པ་བཅས་ཚང་མ་དཀའ་ངལ་གྱི་གནས་སྟངས་འོག་ཡོད་པ་སོགས་བཀོད་འདུག
ཡང་འདིའི་ཐད་པེ་ཅིང་གི་བུད་མེད་ཞིག་གིས་བསམ་ཚུལ་བརྗོད་ན། ད་ལྟ་རང་ལོ་༣༥ལ་ཙམ་སླེབས་པའི་མི་ཞིག་ལ་མཚོན་ན་ལས་ཀ་འཚོལ་རྒྱུ་ཧ་ཅང་དཀའ་བའི་ལོ་ཚད་ཞིག་ཡིན་པས། ད་ལྟའི་ཆར་བློ་འཚབ་བྱེད་ཡུལ་གཙོ་བོ་དེ་ནི་ལས་ཀ་མི་རག་པའི་དཀའ་ངལ་ཡིན་པ་ལས། རྒས་ཡོལ་གྱི་གནད་དོན་དེ་མ་རེད་ཅེས་བརྗོད་འདུག
ཡང་ལོ་ན་༥༢ལ་སོན་པའི་རྒྱ་རིགས་ལས་བྱེད་པ་ཞིག་གིས་མདོར་དོན་སྙིང་པོར་ངའི་རྒས་ཡོལ་གྱི་དུས་ཚོད་ཐུང་དུ་བཏང་སྟེ་ང་ལ་འབབ་འོས་པའི་སྒོར་མོ་ཉུང་དུ་བཏང་བ་རེད། ཐག་གཅོད་འདིས་ང་ལ་ལོ་གཉིས་དང་ཕྱེད་ཀའི་རྒས་ཕོགས་མེད་པར་གྱུར་སོང་བ་རེད་ཅེས་འཁང་ར་བྱས་འདུག
རྒྱ་ནག་གི་སྤྱི་ཚོགས་ཚན་རིག་ཁང་གི་ལས་རྩོལ་དང་སྤྱི་ཚོགས་འགན་སྲུང་ཚན་པའི་འགན་འཛིན་(Mo Rong)ཡིས་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་ལ་བརྗོད་ན། རྒྱ་ནག་གི་མི་འབོར་ལ་འགྱུར་བ་ཐེབས་ཀྱི་ཡོད་པས་སྲིད་ཇུས་གསར་པ་ཞིག་དགོས་ཀྱི་ཡོད་པ་རྒྱུ་མཚན་དུ་བགྲངས་ནས། ལས་བྱེད་པའི་རྒས་ཡོལ་གྱི་ལོ་ཚད་མ་སྤར་ཐབས་མེད་ཡིན་ལུགས་བརྗོད་ཡོད་པ་རེད།
དེང་སྐབས་རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་མི་བྱེད་པ་དང་གཉེན་སྒྲིག་བྱས་ཀྱང་ཕྲུ་གུ་མ་སྐྱེས་པའི་གནས་སྟངས་ཇེ་མང་དུ་འགྲོ་བཞིན་ཡོད་པ་བསྟུན། ཕྱི་ལོ་ ༢༠༢༡་དང་བསྡུར་ན་ ༢༠༢༢ ལོར་རྒྱ་ནག་ལ་ཕྲུ་གུ་༨༥༠༠༠༠ (བརྒྱད་འབུམ་ལྔ་ཁྲི་)ཉུང་བ་སྐྱེས་ཡོད་པ་དང་། ༢༠༢༣ ལོར་རྒྱ་ནག་གི་མི་འབོར་ས་ཡ་༢་ཉུང་དུ་ཕྱིན་ཡོད་ལ།
རྒྱ་ནག་ལ་ན་གཞོན་ལས་རྩོལ་བ་ཉུང་དྲགས་ནས། རྒན་རྒོན་དུང་ཕྱུར་མང་པོར་རྒས་ཕོགས་ཆད་སྲིད་པའི་ཉེན་ཁ་ཡོད་ཅིང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་ན་གཞོན་ལས་རྩོལ་བ་ལྔས་རྒན་རྒོན་གཅིག་གསོ་དགོས་ཀྱང་། རྒན་རྒོན་གྱི་མི་འབོར་འཕེལ་ཡིན་པ་དང་དུས་མཚུངས་ན་གཞོན་ངལ་རྩལ་བ་ཇེ་ཉུང་དུ་འགྲོ་བཞིན་པས། རྒྱ་ནག་གི་ན་གཞོན་ལས་རྩོལ་བ་ཚོས་རྒན་རྒོན་གསོ་དགོས་པའི་རྡོག་ཁྲེས་ཆེ་རུ་འགྲོ་རྒྱུ་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ཁག་ཏུ་གསལ་ཡོད་ལ། རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་རག་གི་མེད་པའི་དཀའ་ངལ་སེལ་མ་ཐུབ་ན་རྒན་རྒོན་ཚོར་རྒས་ཕོགས་སྤྲོད་མི་ཐུབ་པའི་དཀའ་ངལ་ཆེ་རུ་འགྲོ་ཉེན་དུ་གྱུར་ཡོད་པ་རེད།།


གསར་འགོད་པ། བསོད་ནམས་ལྷ་མོ། མཁའ་འགྲོ་གཡང་འཛོམས། 
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ། བསྟན་འཛིན་པདྨ།  བཀྲིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱིས་བོད་མི་འཐབ་རྒོལ་བ་ཚོར་སྦྱོང་བརྡར་སྤྲད་པའི་གནས་ཚུལ་གསར་པ་ཁག་ཅིག་ཤེས་རྟོགས་བྱུང་བ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་གདོད་མའི་མི་རིགས་ལ་དགོངས་སེལ་ཞུ་བཞིན་པའི་སྐབས་རྒྱ་ནག་གཞུང་གིས་སྟོབས་ཤུགས་ཡོད་ཚད་ཀྱིས་བོད་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ནི་ངོ་ཚ་དགོས་པ་ཞིག་ཡིན་ཞེས། ཉམས་ཞིབ་པས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎