བྲག་འགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་སྐབས་དགེ་འདུན་པ་དང་ཡུལ་མི་ཚོར་བཙན་གྱིས་ལྟ་བཅུག་སྟེ་གཏོར་བཤིག་བཏང་ཡོད་འདུག

2022-01-04
Share
བྲག་འགོ་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་སྐབས་དགེ་འདུན་པ་དང་ཡུལ་མི་ཚོར་བཙན་གྱིས་ལྟ་བཅུག་སྟེ་གཏོར་བཤིག་བཏང་ཡོད་འདུག སྟོན་པའི་སྐུ་བརྙན་མ་གཏོར་སྔོན་དང་གཏོར་རྗེས།
བོད་འབྱོར།

ཉེ་སྔོན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། བྲག་འགོ་རྫོང་གི་རྫོང་དཔོན་ཝང་ཏུང་ཧྲན(Wang Dong sheng)ཟེར་བའི་སྣེ་ཁྲིད་འོག། ཡུལ་དེའི་ཆུ་དབར་གྲོང་སྡེ་དང་ཁ་ཐག་ཉེ་སར་འཛུགས་སྐྲུན་བྱས་ཡོད་པའི་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་ཧྥི་ཁྲི་(Foot)༩༩ཅན་དེ་གཏོར་བཤིག་གཏོང་སྐབས། བྲག་འགོ་རྫོང་དགའ་ལྡན་རྣམ་རྒྱལ་གླིང་དགོན་པའི་དགེ་འདུན་པ་དང་ཆུ་དབར་གྲོང་སྡེའི་ཡུལ་མི་ཚོ་གཏོར་བཤིག་གི་ཡུལ་དངོས་སུ་ཡོང་སྟེ་བལྟ་བཅུག་པ་མ་ཟད། སྡེ་བ་གཞན་ནས་བོད་མི་མང་པོ་བཙན་གྱིས་སྐད་བཏང་སྟེ་ཟིང་འཁྲུག་སོགས་ལངས་མིན་ཐད་ལྟ་རྟོག་དང་བརྙན་དང་པར་ལེན་གྱི་ཡོད་མེད་དང། ཁ་པར་འཁྱེར་ཡོད་མེད་སོགས་ཞིབ་བཤེར་སོགས་བྱས་ཏེ། རྫོང་དང་དགོན་པ་གྲོང་སྡེ་ཁྱོན་ཡོངས་ནང་ཉེན་རྟོག་པ་འགྲེམས་འཇོག་འོག། རིག་གནས་གསར་བརྗེ་ཡི་རྣམ་པ་ཁོ་ན་ཞིག་གི་འོག་ནས་གཏོར་བཤིག་བཏང་ཡོད་སྐོར། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་གསུམ་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་མིང་བརྗོད་འདོད་མེད་པའི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས། སྐབས་དེར་སྟོན་པའི་སྐུ་བརྙན་གཏོར་བཤིག་གཏོང་སྐབས་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ༡༢ཚེས་༡༢ནས་འགོ་ཚུགས་ཏེ་ཉིན་གྲངས་༩ཙམ་རིང་སྐུ་བརྙན་གཏོར་བཤིག་བཏང་ཡོད་པ་དང་། ག་དུས་ཤིག་ལ་རྩ་ནས་མེད་པ་བཟོས་ཡོད་སོགས་གསལ་ཁ་མེད་ཀྱང་ད་ལྟའི་ཆར་སྐུ་བརྙན་གྱི་མགོ་རུ་ཡོད་པའི་རྒྱ་ཕིབས་ནས་བཟུང་གཙང་རྐྱང་བཟོས་ཡོད་འདུག་ལ། གཏོར་བཤིག་གཏོང་སྐབས་དགོན་པའི་དགེ་འདུན་པ་དང་ཡུལ་མི་ཚོར་སློབ་གསོ་ཐོབ་དགོས་སྐོར་བརྗོད་ནས་མིག་མདུན་རང་ནས་གཏོར་བཤིག་བཏང་བཅུག་ཡོད་པ་མ་ཟད། ས་གནས་སྡེ་བ་གཞན་ཞིག་ལ་བཙན་ཐབས་ཀྱིས་སྐུ་བརྙན་གཏོར་བཤིག་ཁྲོད་མཉམ་ཞུགས་བྱས་བཅུག་ཡོད་པ་དངོས་ཡོད་ཡིན་སྐོར་འགྲེལ་བརྗོད་བྱས་བྱུང་།
མཁའ་དབྱིངས་ནས་མི་བཟོས་སྲུང་སྐར་ལས་བླངས་པའི་འདྲ་པར་ལས་ཤེས་རྟོགས་ཐུབ་པ་ནི། སྟོན་པའི་སྐུ་བརྙན་བཞུགས་ཡུལ་གྱི་སྒྲོམས་གཞི་དཀར་པོ་དེ་ ༢༠༢༡ ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཏུ་རྩ་གཏོར་བཏང་འདུག
ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་ནས་སྐུ་བརྙན་ཙམ་མ་ཡིན་པར་ཉེ་འཁོར་ཡོད་པའི་མ་ཎི་འཁོར་ལོ་སོགས་ནས་རྩ་མེད་བཏང་ཡོད་པ་དང་། གཏོར་བཤིག་གཏོང་སྟངས་ཀྱི་རྣམ་པ་དེ་ཧ་ཅང་གདུག་རྩུབ་ཆེན་པོ་དང་། གཏོར་བཤིག་གཏོང་མཁན་གཙོ་བོ་དེ་སྔ་ཕྱི་ལོ་༢༠༡༦ལོར་བླ་རུང་སྒར་དང་ཡ་ཆེན་སྒར་གཏོར་བཤིག་གཏོང་མཁན་ཝང་ཏུང་ཧྲན་ཡིན་སྟབས། བླ་རུང་སྒར་དང་ཡ་ཆེན་སྒར་སོགས་གཏོར་བཤིག་གཏོང་སྐབས། ཉིན་ཤས་ནང་ཤུལ་དུ་གང་ཡང་ལྷག་ལུས་མེད་པར་གཙང་རྐྱང་བཟོས་ཡོད་པ་བཞིན། ཐེངས་འདིར་མི་མང་གི་མིག་མདུན་ནས་བཙན་གྱིས་གཏོར་བཤིག་བཏང་བ་མ་ཟད། གཏོར་བཤིག་བཏང་བ་ཙམ་མ་ཡིན་པར་ད་ལྟའི་ཆར་དགོན་པ་དང་ཡུལ་མི་ཚོར་དྲ་ལམ་དང་འགྲོ་འདུག་སྤྱོད་གསུམ་ཐད་དམ་དྲག་ཆེན་པོ་བྱེད་བཞིན་པའི་རྣམ་པ་སོགས་གཅིག་མཚུངས་ལྟ་བུ་ཆགས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་ཡོད་པའི་སྟོན་པའི་སྐུ་བརྙན་དེ་བཞིན། བྲག་འགོ་རྫོང་ནས་སྤྱི་ལེ་གཅིག་ཙམ་གྱི་གཙང་བོའི་འགྲམ་བརྒྱུད་གྱི་ཆུ་དབར་གྲོང་སྡེའི་མར་གཤམ་དུ་ཡོད་པ་དང་། སྟོན་པའི་སྐུ་བརྙན་དེ་ཡུལ་དེའི་ནང་ས་ཡོམ་སོགས་རང་བྱུང་གི་འཇིགས་པ་མི་ཡོང་ཆེད་དགོན་པ་དང་ཡུལ་མི་མཉམ་འབྲེལ་ངང་བཞེངས་སྐྲུན་གནང་བ་ཡིན་པ་དང་། སྐུ་བརྙན་དེའི་ནང་བསྟན་སྐུ་རྩ་ཆེན་མང་པོ་བཞག་གནང་མཛད་ཡོད་པ་མ་ཟད། དགོན་པ་དང་བླ་མ་མང་པོའི་ན་བཟའ་དབུ་སྐྲ དེ་བཞིན་སྐུ་ཆས་མཆོད་ཆས་སོགས་མང་པོ་ཞིག་ཡོད་འདུག སྐུ་བརྙན་གཏོར་བཤིག་གི་གནས་ཚུལ་ཕྱི་ཕྱོགས་སུ་ཕྱི་ལོ་༢༠༢༡ལོའི་ཕྱི་ཟླ་༡༢ཚེས་༢༥ཉིན་བཙན་བྱོལ་ནང་ཡོད་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་ནས་ཤེས་རྟོག་མཁོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།