མཚོ་སྔོན་ཞིང་ཆེན་གྱི་བོད་པའི་སློབ་གྲྭ་ཁག་ཚང་མར་རྒྱ་སྒྱུར་སློབ་གསོ་ཡོངས་སུ་ལག་བསྟར་དགོས་པའི་ཁྲིམས་གཏན་འབེབས་བྱས་ཡོད་འདུག

2022.12.05
Share on WhatsApp
Share on WhatsApp
མཚོ་སྔོན་ཞིང་ཆེན་གྱི་བོད་པའི་སློབ་གྲྭ་ཁག་ཚང་མར་རྒྱ་སྒྱུར་སློབ་གསོ་ཡོངས་སུ་ལག་བསྟར་དགོས་པའི་ཁྲིམས་གཏན་འབེབས་བྱས་ཡོད་འདུག ཕྱི་ལོ་༢༠༢༡ལོའི་ཟླ་༩ནང་བོད་ནང་གི་རྨ་སྟོང་རྫོང་གི་སློབ་ཆུང་ཞིག་ནང་རྒྱ་ཡིག་གི་རྨང་གཞིའི་སློབ་ཁྲིད་ལག་བསྟར་འགོ་ཚུགས་པའི་པར་རིས།
བོད་འབྱོར།

རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་བོད་ནང་དུ་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ལྗོངས་ཞིང་ལྔའི་སློབ་གསོའི་ཐབས་ལམ་དེ། དེ་སྔའི་བོད་ཡིག་སློབ་ཁྲིད་གཙོ་ཁྲིད་ཀྱི་སློབ་གསོའི་ཐབས་ལམ་ནས། སློབ་གསོ་ཐབས་ལམ་གཉིས་པ་དེ་བོད་རིགས་སློབ་གྲྭ་ཁག་ཚང་མའི་ནང་རྒྱ་ཡིག་གཙོ་ཁྲིད་ཀྱི་སློབ་གསོ་ལག་བསྟར་བྱེད་མགོ་ཚུགས་ཡོད་པ་བཞིན། འདི་ལོའི་ཕྱི་ཟླ་༩ཟླ་མཇུག་ནང་མཚོ་སྔོན་ཞིང་ཆེན་སྐབས་བརྒྱད་པའི་མི་མང་འཐུས་མི་ཚོགས་ཆེན་རྒྱུན་ལས་ཚོགས་འདུ་ཐེངས་ལྔ་པ་ཟེར་བའི་སྟེང་། ཕྱི་ལོ་༢༠༢༤ལོའི་ཕྱི་ཟླ་དང་པོ་བར་མཚོ་སྔོན་ཞིང་ཆེན་ཡོངས་སུ་རྒྱ་བསྒྱུར་སློབ་གསོ་ཡོངས་སུ་ལག་བསྟར་དགོས་པའི་ཐག་གཅོད་བྱས་ཡོད་པ། བོད་ནང་གི་ཤེས་ཡོན་སློབ་གསོ་དང་འབྲེལ་བ་ཡོད་པའི་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན། སྤྱིར་ན་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ས་གནས་བཅའ་ཁྲིམས་ཀྱི་ལེའུ་༣༧པར། རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་ཚོགས་ཀྱི་ཆོག་མཆན་ཡོད་པའི་ཐོག་ནས་མི་རིགས་ས་གནས་སུ་སློབ་ཁྲིད་ཚང་མ་མི་རིགས་རང་གི་སྐད་ཡིག་ནང་དུ་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་ན་ཡང་། ཞིང་ཆེན་དང་ས་གནས་ཁག་གིས་ལོ་འདི་དག་ལ་ཁྲིམས་ལུགས་དེ་དག་ལ་བརྩི་མཐོང་གང་ཡང་མེད་པར་སྐད་ཡིག་ཐབས་ལམ་གཉིས་པར་སྒྱུར་བཞིན་པ་ནི་ཁྲིམས་འགལ་ཆགས་ཀྱི་ཡོད་པ་དང་། ད་ལྟའི་ཆར་མཚོ་སྔོན་ཞིང་ཆེན་གྱི་རྫོང་རེ་གཉིས་མ་གཏོགས་སྐད་ཡིག་ཐབས་ལམ་གཉིས་པར་བསྒྱུར་ཟིན་ཡོད་ཀྱང་། ཕྱི་ལོ་༢༠༢༤ལོ་ནས་ཡོངས་སུ་བསྒྱུར་ཚར་བ་དགོས་པའི་ཐག་གཅོད་བྱས་ཡོད་པ་བརྗོད་བྱུང་།

རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༡༠ལོར་མཚོ་སྔོན་ཕྱོགས་སུ་སྐད་ཡིག་ཐབས་ལམ་གཉིས་པ་ལག་བསྟར་མགོ་འཛུགས་ཀྱི་ཡིག་ཆ་འགྲེམས་སྤེལ་དང་འབྲེལ། བོད་ནང་གི་སློབ་གྲྭ་ཁག་མང་པོའི་ནང་རྒྱ་སྒྱུར་སློབ་གསོ་དེར་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་རེད་ལ། ཡང་གོང་ཞུས་འབྲེལ་ཡོད་བོད་མི་གཞན་དེས་རྒྱ་སྒྱུར་སློབ་གསོའམ་ཐབས་ལམ་གཉིས་པའི་སློབ་ཁྲིད་ལག་བསྟར་དེ་ཧ་ཅང་མི་མངོན་པའི་ཐབས་དང་། གསང་སྟབས་ཤིག་གི་ངོས་ནས་སྤེལ་བཞིན་ཡོད་པ་དང་། ཐབས་ལམ་གཉིས་པ་ནི་རྒྱ་ཡིག་སློབ་སྦྱོང་ཁོ་ན་ལ་དམིགས་པ་ཞིག་ཡིན་པ་དང་། ད་ལྟའི་ཆར་བོད་པའི་བྱིས་སྐྱོང་སློབ་གྲྭ་ཁག་ཏུ་བྱིས་པར་མཐའ་ན་བོད་སྐད་ཙམ་ཡང་བཤད་བཅུག་གི་མེད་སྟབས། ད་ལྟ་ནས་བོད་པའི་ཁྱིམ་བདག་མང་པོ་ཞིག་ལ་བུ་ཕྲུག་དང་མཉམ་དུ་གོ་བརྡ་མི་འཕྲོད་པའི་དཀའ་ངལ་བྱུང་བཞིན་ཡོད་པས། གལ་ཏེ་མུ་མཐུད་འདི་ལྟར་སོང་བ་ཡིན་ན་མ་འོངས་པར་ལོ་༡༠དང་༢༠ནང་བོད་པའི་རྗེས་རབས་པ་ཚོས་བོད་ཡིག་ཤེས་རྒྱུ་ཕར་ཟད། བོད་སྐད་ཙམ་ཡང་མི་ཤེས་པའི་གནས་སུ་ལྷུང་རྒྱུ་ཡིན་པ་བློ་འཚབ་དང་བཅས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་༢བའི་ཟླ་མཇུག་དང་ཕྱི་ཟླ་༣པའི་ཚེས་འགོ་ནས་བཟུང་། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་གི་གཞུང་གཉེར་སློབ་གྲྭ་ཚང་མའི་ནང་། བོད་ཡིག་གི་སློབ་ཚན་གཅིག་པུ་ལས་གཞན་པའི་རྩིས་དངོས་རྫས་གསུམ་དང་མཛེས་རྩལ། ཨང་རྩིས་སོགས་སློབ་ཚན་ཚང་མ་རྒྱ་ཡིག་ནང་བསྒྱུར་ཡོད་པ་དང་། ལྷག་པར་དུ་འདི་ལོ་བོད་ཡིག་གཙོ་ཁྲིད་ཀྱི་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་བཅུག་ཡོད་པ་མ་ཟད། སྔར་ལོའི་ཕྱི་ཟླ་༨ཚེས་༢༤ཉིན་རྔ་བ་ཕྱོགས་ནས་བོད་རིགས་ན་གཞོན་སློབ་མ་ཤེས་རབ་རྡོ་རྗེ་ཡིས་རྒྱ་ནག་གཞུང་གིས་ཡུལ་ཕྱོགས་དེར་རྒྱ་ཡིག་གཙོ་ཁྲིད་སློབ་གསོའི་ཚོགས་འདུ་ལ་མ་བཅར་བས་འཛིན་བཟུང་དང་། མགོ་ལོག་དར་ལོག་རྫོང་ནས་བོད་མི་གཞོན་སྐྱེས་མགུལ་གྲགས་དང་དབྱངས་རིས་གཉིས་ནས་རྒྱ་སྒྱུར་སློབ་གསོར་ངོ་རྒོལ་བྱས་རྐྱེན་འཛིན་བཟུང་བཀག་ཉར་སོགས་བྱས་པ་མ་ཟད། བོད་རིགས་དགེ་རྒན་རིན་ཆེན་སྐྱིད་འཛིན་བཟུང་གིས་ཡུན་རིང་བཀག་ཉར་སོགས་བྱས་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་རྒྱ་ནག་དང་གདོང་ཐུག་གིས་ར་ཤེ་ཡར་རོགས་རམ་བྱེད་སྟངས་ཐད་འདྲི་རྩད་བྱས་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎