སློབ་གྲྭའི་ནང་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་མི་ཆོག་པ་བསྒྲགས་འདུག

ཀན་སུའུ་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱིས་སློབ་གྲྭའི་ནང་ཆོས་ལུགས་ཀྱི་བྱ་འགུལ་སྤེལ་མི་ཆོག་པའི་དོན་ཚན་ཁག་གཅིག་བསྒྲགས་འདུག
དེ་ཡང་རྒྱ་ནག་ཀན་སུའུ་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱིས་གཞུང་འབྲེལ་གྱི་དྲ་རྒྱའི་ཐོག་ཕྱི་ཟླ་༥པའི་ཚེས་༥་ཉིན་མོར། སློབ་གྲྭའི་ར་བའི་ནང་ཆོས་ལུགས་ལ་མཐའ་ཅིག་ཏུ་བཀག་བསྡོམས་བྱེད་དགོས་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། གསལ་བསྒྲགས་དེའི་ནང་དུ། ཉེ་ཆར་《ཀན་སུའུ་ཡི་བུ་མོ་ཆུང་ཆུང་གིས་ཆོས་བློར་འཛིན་པ》་ཟེར་བའི་དྲ་བརྙན་ཞིག་ཁྱབ་ཡོད་པ་དེར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གིས་ཕྲུ་གུས་ཁ་ཆེའི་ཆོས་ཀློག་པའི་གནད་དོན་ལ་ཡ་ལན་སྤྲད་པར་དྲ་རྒྱའི་ཐོག་རྩོམ་ཡིག་སྤེལ་མཁན་ཚོས་ཁོང་ཁྲོའི་རྣམ་འགྱུར་བསྟན་ཡོད་པ་རེད་འདུག
ཀན་སུའུ་ཞིང་ཆེན་སློབ་གསོ་ལས་ཁུངས་ནས་ནན་གྱིས་བཤད་དོན། སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཆོས་ལུགས་སློབ་གླིང་སོགས་འཛུགས་རྒྱུ་ལས་གཞན་རིམ་པ་གང་གི་སློབ་གྲྭ་གང་དུའང་གཤམ་གསལ་གྱི་གནས་ཚུལ་འདི་རིགས་བྱུང་མི་ཆོག་པ་སྟེ། དང་པོ། ཆོས་ལུགས་བྱ་འགུལ་སྤེལ་མི་ཆོག་པ། གཉིས་པ། ཆོས་ལུགས་སློབ་ཁྲིད་སྤེལ་མི་ཆོག་པ་དང་སློབ་མ་ཚོར་ཆོས་ལུགས་ཤེས་བྱ་དྲིལ་བསྒྲགས་བྱེད་མི་ཆོག་པ། སློབ་མ་རྣམས་ཆོས་ལུགས་བྱ་འགུལ་སྤེལ་ཡུལ་དུ་བསྐྱོད་དེ་ཆོས་ལུགས་བྱ་འགུལ་སྤེལ་བ་དང་ལག་ལེན་དུ་ཞུགས་པའི་རྩ་འཛུགས་བྱེད་མི་ཆོག་པ་དང་། སློབ་མའི་བསམ་བློ་ཀུན་སྤྱོད་དང་ཚན་རིག་ཤེས་བྱའི་སློབ་གསོ་ལ་བར་ཆད་དང་བཀག་འགོག་བྱེད་མི་ཆོག་པ། གསུམ་པ། སློབ་མ་རྣམས་ཀྱི་ཆོས་ལུགས་དད་མོས་ལ་བཙན་སྐུལ་བྱེད་མི་ཆོག་པ་དང་། སློབ་གྲྭ་ནས་ཆོས་དད་པ་གསོ་སྐྱོང་དང་ཆོས་ལུགས་ཚོགས་པ་འཛུགས་པའི་བྱ་འགུལ་དེ་བས་ཀྱང་སྤེལ་མི་ཆོག་པ་སོགས་དོན་ཚན་མང་པོ་བཀོད་འདུག
ཀན་སུའུ་ཞིང་ཆེན་སློབ་གསོ་ལས་ཁུངས་ཀྱི་གསལ་བསྒྲགས་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་༣༦དང་། ཆོས་ལུགས་ལས་དོན་དོན་ཚན་༣པ། དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་སློབ་གསོ་པུའུ་ཡི་བཅའ་ཁྲིམས་དོན་ཚན་༨་བཅས་ཀྱིས་གཏན་འབེབས་ལ་ཆོས་ལུགས་བེད་སྤྱད་ནས་རྒྱུན་ལྡན་གྱི་སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་བཅས་ལ་འགོག་རྐྱེན་བྱེད་མི་ཆོག་ཟེར་བ་འཁོད་ཡོད་པ་རེད།
གཞན་ཡང་ཨ་མི་རི་ཀའི་ཆོས་ལུགས་རང་དབང་ལྷན་ཁང་ནས་༢༠༡༦ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ཞེས་པ་འདོན་སྤེལ་གནང་བ་དེའི་ནང་། ནང་ཆོས་དང་། ཏའོ་ཅོའོ་ཆོས་ལུགས་། ཁ་ཆེའི་ཆོས་ལུགས་དེ་བཞིན་ཡི་ཤུའི་གནམ་བདག་ཆོས་ལུགས་བཅས་ལ་ན་ནིང་རྒྱ་ནག་ནང་རྒྱུན་ཆད་མེད་པར་བཙན་གནོན་བཏང་ཡོད་པའི་སྐོར་སོགས་འཁོད་པའི་སྙན་ཐོ་འདོན་སྤེལ་གནང་པ་དང་། དེ་རྗེས་རྒྱ་ནག་ཕྱི་འབྲེལ་ཁང་གི་མགྲིན་ཚབ་པ་ཧུང་ལེའི་ཡིས་ཨ་མི་རི་ཀས་བཏོན་པའི་ཆོས་ལུགསརང་དབང་སྐོར་གྱི་སྙན་ཐོར་རྒྱ་ནག་ཕྱོགས་ནས་ངོ་རྒོལ་ཡོད་ལུགས་ཀྱང་བཤད་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།