རྒྱ་ནག་མི་མང་ཚོར་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་བཀག་སྡོམ་མེད་པར་རང་དབང་དགོས།

2024.04.20
རྒྱ་ནག་མི་མང་ཚོར་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་བཀག་སྡོམ་མེད་པར་རང་དབང་དགོས།
The Congressional-Executive Commission on China

Congressional-Executive Commission on China ཞེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པས་རྒྱ་ནག་ནང་དྲྭ་རྒྱའི་ཆ་རྐྱེན་བཟོས་ནས་ལོ་ངོ་ ༣༠ ཐམ་པ་འཁོར་གྱི་ཡོད་པ་དང་རྒྱ་ནག་གཞུང་གིས་རང་དབང་ལྡན་པའི་ཐོག་ནས་གནས་ཚུལ་ཤེས་རྟོག་བྱེད་རྒྱུར་འགོག་ཐབས་སུ་ཨ་རིའི་ཌོ་ལར་ཐེར་འབུམ་མང་པོ་འགྲོ་སོང་གཏོང་གི་ཡོད་རེད་ཅེས་དང་། འོན་ཀྱང་ང་ཚོའི་ངོས་ནས་རྒྱ་ནག་དམར་ཤོག་གཞུང་གིས་འཁྱོག་བརྗོད་དྲིལ་བསྒྲགས་འོག་ནས་རྒྱ་ནག་གི་མི་མང་ཚོར་རང་དབང་དང་དངོས་ཡོད་གནས་ཚུལ་བཀག་སྡོམ་བྱེད་པ་ཁག་གཡོལ་ཐབས་བྱ་རྒྱུ་འདི་ནི་ཨ་མི་རི་ཀས་གལ་གནད་ཆེ་བར་མུ་མཐུད་ངོས་འཛིན་བྱ་དགོས་པ་རེད་ཅེས་སྤྱི་ཚོགས་དྲྭ་ལམ་ X འམ་དེ་སྔ་Tweeter ཞེས་འབོད་པ་དེའི་ཐོག་བསྒྲགས་འདུག
བོད་ནང་དུ་མཚོན་ནའང་། རྒྱ་ནག་གཞུང་གིས་བོད་མི་ཚོས་ཕྱི་ལ་འབྲེལ་བ་བྱེད་པའི་རིགས་ལ་དམ་དྲག་བྱས་ཏེ་བོད་མི་འཛིན་བཟུང་བྱས་པ་དང་ཉེན་བརྡ་བཏང་པའི་གནས་ཚུལ་བྱུང་བཞིན་ཡོད་ཅིང་། ཉེ་ལམ་སྨར་ཁམས་ཁུལ་དུ་བྱུང་བའི་ས་རྩོད་ཀྱི་གནས་བབ་དང་འབྲེལ་བའི་གདོང་ཐུག་བྱུང་སྐབས། ས་གནས་ཀྱི་བོད་མི་གཞོན་སྐྱེས་ཕོ་གསར་བཞི་འཛིན་བཟུང་བཀག་ཉར་རྗེས་གློད་བཀྲོལ་བཏང་པའི་སྐབས། རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་ལས་བྱེད་པ་ཡོང་སྟེ་ཚོགས་འདུ་བསྐོང་བྱས་ཏེ་ས་གནས་བོད་མི་ཚོས་ཁུལ་དེའི་གདོང་ཐུགས་ཀྱི་གནས་ཚུལ་ཕྱི་ལ་མཁོ་སྤྲོད་བྱེད་ཡོད་པ་འདི་རིགས་ཉེས་པ་ཚབས་ཆེན་དུ་ངོས་འཛིན་བྱ་རྒྱུ་ཡིན་པ་དང་། འདི་ཐད་ཞིབ་རྩད་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་པ་སོགས་བྱུང་ཡོད་པ་རེད།
སྤྱིར་རྒྱ་ནག་གཞུང་གིས་བཀོད་བསྡོམས་བྱས་ཏེ། ཀུ་ཤུ་བཟོ་ཚོང་ཁང་གིས་རྒྱ་ནག་ཏུ་ཡོད་པའི་ཀུ་ཤུའི་མཉེན་ཆས་ནང་ནས་ WhatsApp དང་ Threads Telegram Signal བཅས་ཡོངས་ཁྱབ་བཀོལ་སྤྱོད་ཆེ་བའི་ཕྱི་རྒྱལ་གྱི་བརྡ་འཕྲིན་མཉེན་ཆས་ཁག་ཅིག་བེད་སྤྱོད་བྱེད་རྒྱུ་མཚམས་འཇོག་གིས་ཕྱིར་འཐེན་བྱེད་དགོས་བཟོས་ཡོད་པ་དེ་ནི་ཨ་རིའི་ནང་རྒྱ་ནག་གི་མཉེན་ཆས་ TIKTOK བཀག་བསྡོམས་བྱེད་པའི་ཁྲིམས་འཆར་འདི་ཐད་གླེང་སློང་བསྐྱར་དུ་བྱུང་པའི་དུས་སྐབས་སུ་འཁེལ་ཡོད་པ་རེད།
ཀུ་ཤུ་ཚོང་ལས་ཁང་གི་མགྲིན་ཚབ་པས་ང་ཚོས་མོས་མཐུན་མེད་ཀྱང་ཚོང་ལས་གཉེར་ཡུལ་གྱི་རྒྱལ་ཁབ་ཀྱི་ཁྲིམས་ལ་བརྩི་བཀུར་བྱ་དགོས་པ་ནི་ང་ཚོའི་འོས་འགན་རེད་ཅེས་ the Journal གསར་ཁང་ལ་འགྲེལ་བརྗོད་བྱེད་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བརྡ་འཕྲིན་མཉེན་ཆས་བཞི་བཀག་བསྡོམས་བྱས་པ་དེ་ནི། རྒྱ་ནག་གཞུང་གིས་སྟངས་འཛིན་མི་ནུས་པའི་ཕྱི་རྒྱལ་གྱི་མཉེན་ཆས་རིགས་རྒྱ་ནག་ཏུ་བཀོལ་སྤྱོད་བྱེད་རྒྱུའི་གོ་སྐབས་ཇེ་ཉུང་དུ་བཏང་པ་དང་། གནས་སྟངས་དེས་ཀུ་ཤུའི་ཚོང་ལས་ཁང་ལ་ཡང་རྒྱ་ནག་ཏུ་ཚོང་སྒྱུར་བྱ་རྒྱུའི་ཁོར་ཡུག་ཉུང་དུ་བཏང་པའམ་སྐྱོ་རུ་བཏང་པ་ཞིག་ཆགས་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎