བོད་ནང་གང་སར་འགག་སྒོ་བཙུགས་ནས་ཞིབ་བཤེར་དང་བོད་མིས་སེམས་ཁྲལ།

བོད་ནང་གང་སར་འགག་སྒོ་བཙུགས་ནས་ནད་ཡམས་སྔོན་འགོག་ཆེད་ཞིབ་བཤེར་བྱེད་བཞིན་ཡོད་ཀྱང་རྒྱ་མི་མང་པོ་བོད་ནང་འབྱོར་བཞིན་པས་ནད་ཡམས་ཁྱབ་གདལ་སྲིད་པ་བོད་མི་ཚོས་སེམས་ཁྲལ་བྱེད་ཀྱི་འདུག
ཉེ་ལམ་ནས་སླར་ཡང་རྒྱ་ནག་ནང་(delta variant)་ཞེས་ཀོ་ཝིཌ་༡༩་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་ཚུལ་ཐོན་བཞིན་པ་དང་། ཉིན་ཤས་གོང་ནས་བོད་ནང་ཁུལ་དང་རྫོང་རིམ་པ་བྱས་ནས་ས་གནས་གང་སར་ནད་ཡམས་དེ་ཁྱབ་གདལ་མི་ཡོང་བའི་ཆེད་ས་ཁུལ་སོ་སོའི་གཞུང་ལམ་ཆེ་ཁག་མང་པོར་འགག་སྒོ་བཙུགས་ནས། འགྲོ་འོང་འགྲུལ་བཞུད་ལ་དམ་དྲག་ཚོད་འཛིན་བྱས་ཐོག ནད་ཡམས་ཀྱི་ནད་རྟགས་མེད་པའི་དཔང་ཡིག་དང་། སྔོན་འགོག་སྨན་ཁབ་རྒྱབ་ཡོད་མེད། ལུས་ཀྱི་ཚ་དྲོད་བཤེར་བ། ས་གནས་གང་ནས་ཡོང་བ་དང་གང་ལ་འགྲུལ་བཞུད་བྱས་བ་སོགས་བརྟག་དཔྱད་དང་ཞིབ་བཤེར་ནན་མོ་བྱེད་བཞིན་པ་བོད་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡིན་ན་ཡང་ཁོང་གིས། ད་སྐབས་རྒྱ་ནག་གི་ས་ཁུལ་ཁག་ནས་རྒྱ་མི་མང་པོ་བོད་ནང་ཡུལ་སྐོར་ལྟ་སྐོར་དུ་འབྱོར་བཞིན་པས། དེ་བཀག་སྡོམ་མ་བྱས་ན་བོད་ནང་རྒྱ་ནག་ནས་ནད་ཡམས་འགོས་ཁྱབ་ཀྱི་ཉེན་ཁ་ཡོད་པས། དེ་དག་ལ་དམིགས་བསལ་བཀག་སྡོམ་བྱེད་བཞིན་པ་མཐོང་མ་བྱུང་བས་སེམས་ཁྲལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

golok (3).jpg


དེ་བཞིན་ཡང་བོད་མི་གཞན་ཞིག་གིས། དེང་སྐབས་ནད་ཡམས་སྐབས་བོད་ནང་དུ་རྒྱ་ནག་ནང་ཁུལ་གྱི་ས་ཆ་མང་པོ་ནས་རྒྱ་མི་རིགས་མང་པོ་ཡོང་རྒྱུ་མང་དྲག་འདུག་སྙམ། ནད་ཡམས་སྔོན་འགོག་བྱེད་པར་དེ་དག་ལ་བཀག་སྡོམ་མེད་པར་ས་གནས་ཀྱི་འགྲུལ་བཞུད་འགྲོ་བསྐྱོད་གཅིག་པུ་ལ་ཞིབ་བཤེར་དང་དམ་དྲག་བྱས་བས་ཕན་གྱི་མ་རེད་སྙམ། ས་གནས་གང་སར་འགག་སྒོ་བཙུགས་ནས་བདེ་འཇགས་ཉེན་རྟོག་པ་དང་། འཕྲོད་བསྟེན་མི་སྣ་བཅས་ཀྱིས་ཞིབ་བཤེར་ནན་མོ་བྱེད་བཞིན་འདུག ས་གནས་སུ་ཕར་ཚུར་འགྲུལ་བཞུད་ལ་དཀའ་ངལ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཉེ་ལམ་ནས་སླར་ཡང་རྒྱ་ནག་ནང་(delta variant)་ཞེས་ཀོ་ཝིཌ་༡༩་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་ཚུལ་ཐོན་པ་དང་། རྒྱ་ནག་གཞུང་གིས་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་མི་ཚང་མར་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་བཀའ་རྒྱ་བཏང་བ་དང་། གྲོང་ཁྱེར་༢༠་ལྷག་གི་ནང་འགྲུལ་བཞུད་བཀག་སྡོམ་བྱས་ཡོད་པ་རེད།


གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།