སྲིད་སྐྱོང་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་གཙོས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་གནང་འདུག



སྲིད་སྐྱོང་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་དང་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་བློན་ཆེན་ལྷན་ཚོགས་ཀྱི་གཙོ་འཛིན་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་གནད་ཡོད་མི་སྣ་དང་མཇལ་མོལ་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཅས་ཀྱིས། ཇར་མན་ནང་གི་གཞུང་དོན་ལས་རིམ་ཁག་འགྲུབ་རྗེས་སྤྱི་ཚེས་༡༣ཉིན་ཡོ་རོབ་ཀྱི་རྒྱལ་ཁབ་སྦེལ་ཇམ་ནང་ཕེབས་ཡོད་པ་དང་། ཚེས་༡༣ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་ཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གི་བློན་ཆེན་ལྷན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་(Alessandro Chiocchetti)་མཆོག་དང་། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་(MEP Hedi Hautala) མཆོག ཡོ་རོབ་གྲོས་ཚོགས་སུ་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་(Hon. Mikulas Peksa)་མཆོག་གཙོས་པའི་ཚོགས་མི་ཁག་ཅིག་དང་། ཡོ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་རྣམ་པ་བཅས་དང་མཇལ་འཕྲད་གནང་འདུག
སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། སྲིད་སྐྱོང་མཆོག་(Brussels)དུ་འབྱོར་བ་ནས་ཡོ་རོབ་གྲོས་ཚོགས་ནང་གནད་ཡོད་མི་སྣ་ཁག་དང་མཉམ་ཚོགས་འདུ་རིམ་པ་ཁག་ཁ་ཤས་ཚོགས་ཡོད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིགས་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་བཞག་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་གསུང་བྱུང་།
དེ་བཞིན་གནས་ཚུལ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་པས་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་(Vincent Metten)ལགས་གཙོས་པའི་ལས་བྱེད་སོགས་དང་མཇལ་འཕྲད་གནང་བ་ཁར། (Brussels)་བོད་ཀྱི་དོན་གཅོད་ཁང་དུ་འཚམས་གཟིགས་དང་། (Netherland)་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་དང་མཇལ་འཕྲད་རྗེས་(Belgium)་ཆབ་སྲིད་གུ་ཡངས་ཚོགས་པའི་འཐུས་མི་མང་པོ་དང་གཞུང་འབྲེལ་གནད་ཡོད་མི་སྣ་ཁག་མཇལ་མོལ་གནང་ཡོད་འདུག
སྦེལ་ཇམ་དུ་འབྱོར་སྐབས་སྦེལ་ཇམ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་དོན་ཁང་གི་ལས་བྱེད་རྣམ་པ། སྦེལ་ཇམ་བོད་རིགས་ཚོགས་པའི་ཚོགས་མི་རྣམ་པ། ས་གནས་བོད་མིའི་སྐྱིད་སྡུག་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་བོད་མི་བརྒྱ་ཕྲག་བརྒལ་བས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་འདུག
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཚོགས་ཆུང་ལ་ཕེབས་བསུའི་ཉིན་གུང་གསོལ་ཚིགས་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་རྟེན་གཞི་བྱས་པའི་ཧྥི་རེ་ཌིག་ནོ་མཱན་རང་དབང་ཐེབས་རྩ་(Friedrich Naumann Foundation for Freedom)་ཁང་གི་ངོས་ནས་འདེགས་འབུལ་ཞུས་གནང་ཡོད་པ་དང་། སྐབས་དེར་ཡོ་རོབ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་། ཡོ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་མི། དེ་བཞིན་ཡོ་རོབ་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་གནང་མཁན་ཡོ་རོབ་བསྐྱར་ཞིབ་ཅེས་པའི་ཚོགས་པའི་འགན་འཛིན་གཞོན་པ་ལྕམ་སྐུ་ཀ་ཊ་ལེན་(Dr Katilin Cseh)་ལགས་དང་། ཡོ་རོབ་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་སློབ་དཔོན་སྐུ་ཞབས་ཇེམ་སི་མོ་རན་(James Moran)ལགས། དེ་བཞིན་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་སོགས་མཉམ་ཞུགས་གནང་ཡོད་འདུག
གསར་འགོད་པ། གུ་རུ་ཆོས་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།