བསྟན་དགའ་དམ་པའི་ཆེད་གཞུང་འབྲེལ་ཆོས་འབུལ་སྨོན་ལམ་འཚོགས་རྒྱུ་རེད།


2017.11.30
བསྟན་དགའ་ལགས་ཀྱི་ཉེ་པར། (ཟླ་ཚེས་མི་གསལ) བསྟན་དགའ་ལགས་ཀྱི་ཉེ་པར། (ཟླ་ཚེས་མི་གསལ)
བོད་འབྱོར།

ཉེ་ལམ་བོད་ནང་སྐུ་ལུས་མེར་བསྲེགས་གནང་མཁན་བསྟན་དགའ་དམ་པའི་ཆེད་བཞུགས་སྒར་དུ་ཆོས་འབུལ་སྨོན་ལམ་འཚོགས་གཏན་འཁེལ་འདུག
དེ་ཡང་སྤྱི་ལོ་༢༠༡༧་ལོའི་ཟླ་༡༡་ཚེས་ ༢༦ ་ཉིན་དཀར་མཛེས་རྫོང་མདའ་མདོ་གྲོང་ཚོ་ནས་དགུང་གྲངས་༦༣་ཙམ་ཡིན་པ་གྲྭ་བསྟན་དགའ་ལགས་ཀྱིས། རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་དཀར་མཛེས་རྫོང་ཐོག་ཏུ་རང་དབང་དགོས་ཞེས་སྐད་འབོད་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སོང་སུ་གྱུར་ཡོད་པ་རེད། དམ་པ་དེ་ཉིད་ཀྱི་དོན་དུ་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་འདུད་མཚོན་བྱེད་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ཟླ་༡༢་པའི་ཚེས་༢ ་རེས་གཟའ་སྤེན་པའི་ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ དགོངས་རྫོགས་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
མཆོད་འབུལ་སྨོན་ལམ་སྐབས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་དམ་པ་དེ་ཉིད་ཀྱི་ནང་མི་སྤུན་མཆེད་དང་གཉེན་ཉེ་སོགས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་པ་ཡང་གསལ་འདུག
དེ་བཞིན་ཡང་ཚེས་༣༠་ཉིན། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཚོགས་དྲུང་ཡིག་ཚང་ནས་རྒྱ་ནག་གཞུང་ནས་བོད་མི་རང་ལུས་མེར་བསྲེག་གནང་མཁན་ཚོའི་དགོས་འདུན་ལ་བདག་སྤྲོད་བྱེད་དགོས་གལ་དང་། རྒྱལ་གཅེས་དཔའ་བོ་བསྟན་དགའ་ལགས་ཀྱི་གཉེན་ཉེ་འབྲེལ་ལྟོས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་འཚམས་འདྲི་ཞིག་སྩལ་གནང་འདུག སྤྱི་འཐུས་ལྷན་ཁང་གི་འཚམས་འདྲི་དེའི་ནང་། རྒྱ་ནག་གིས་དབང་བསྒྱུར་འོག་འདས་པའི་མི་ལོ་ ༦༠ ་ཙམ་གྱི་རིང་བོད་ཐོག་དྲག་གནོན་དང་གདུག་རྩུབ་ཁོ་ནའི་དབང་གིས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཀྱི་དབང་འོག་ཏུ་བཅུག་པ་མ་ཟད། བོད་ཀྱི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འཕྲོག་པ་དང་ཆོས་དང་རིག་གཞུང་། རང་བྱུང་གི་ཁོར་ཡུག་སོགས་སྣོད་བཅུད་ཡོངས་ལ་གཏོར་སྐྱོན་ཚད་མེད་བཏང་སྟེ། བོད་འདི་བཞིན་རྒྱ་ཡི་མི་སེར་སྤེལ་ཡུལ་ཞིག་ཏུ་བཟོས་ཏེ་བོད་མི་རྣམས་བོད་ས་ནང་ཁུལ་དུ་གནས་སྐོར་མཆོད་མཇལ་དང་། ཡུལ་སྐོར་སྤྲོ་འཆམ། གཉེན་ཉེ་ཐུག་འཕྲད་སོགས་འགྲོ་སྡོད་གང་ལའང་དམ་དྲག་དང་། གཞིས་བྱེས་བོད་མིའི་བར་གྱི་འགྲོ་འོང་དང་འབྲེལ་ལམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་སོ་བལྟ་དང་བཀག་བསྡོམས་ཤུགས་ཆེ་བྱེད་བཞིན་པ་སོགས་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་མཁྲེགས་བཟུང་བྱས་པར་བརྟེན། གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ད་བར་ཞི་རྒོལ་མུ་མཐུད་བྱུང་བཞིན་པ་མ་ཟད། ལྷག་པར་དུ་བོད་མི་རྒན་གཞོན་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་ཐུག་དོན་ཡང་གོང་གསལ་གྱི་གནད་དོན་དེ་དག་ལ་ཐུག་ཡོད་པར་བརྟེན་རྒྱ་ནག་དབང་འཛིན་པ་ཚོས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་དགོས་འདུན་དང་འབོད་སྒྲ་ཁག་ལ་བདག་སྤྲོད་ཀྱིས་མ་འོངས་པར་དེ་ལྟར་ཡོང་མི་དགོས་པའི་འགན་ལེན་བྱེད་དགོས་པ་ནན་སྐུལ་གནང་འདུག
དེ་བཞིན་འདི་ཚེས་༢༩་ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ཚོགས་པ་ཁག་གཅིག་གིས་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་སཱ་ལ་དང་། ཨ་རི་སོགས་ས་གནས་ཁག་གཅིག་ལ་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
༢༠༠༩ ལོར་གྲྭ་བཀྲ་བྷེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་ད་བར་བོད་ནང་བོད་མི་ ༡༥༡ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། དེའི་ཁོངས་ནས་བོད་མི་༡༢༨ འདས་གྲོངས་སུ་ཕྱིན་ཡོད། དེ་མིན་མི་གྲངས་ ༢༢ ཀྱི་སྐུ་གཟུགས་གནས་སྟངས་དང་འདས་གསོན་ཁ་གསལ་མེད་པ་བཅས་ཀྱི་གནས་སྟངས་ཆགས་ཡོད་པ་རེད།།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎