བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགོད་གསལ་བསྒྲགས།
2012.03.30
༄༅༎བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས། དེ་རིང་ཕྱི་ཟླ་གསུམ་པའི་ཚེས་༣༠ རེས་གཟའ་པ་སངས་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་བསྒྱུར་བཅོས་བཏང་སྟེ། བོད་མིའི་ཚེ་སྲོག་འཕྲོག་ལྷག་གཏོང་རྒྱུ་མཚམས་འཇོག་ཡོང་ཐབས་བྱ་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་ཡོད་པ་རེད།
གསལ་བསྒྲགས་དེའི་ནང་དུ་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༢༨ རེས་གཟའ་ལྷག་པའི་ཉིན་བོད་ཀྱི་རྔ་པ་ཁུལ་དུ་བོད་མི་ན་གཞོན་གུང་ལོ་༢༠ ཡིན་པའི་སྐུ་ཞབས་ཤེས་རབ་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་གོ་ཐོས་བྱུང་བར་ཧ་ཅང་གི་བློ་ཕམ་ཆེན་པོ་བྱུང༌། སྐུ་ཞབས་ཤེས་རབ་ལགས་ནི་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་ཞིང༌། ཁོང་གིས་ཉིན་དེའི་དགོང་དྲོའི་ཚོུད་༧ དང་ཕྱེད་ཀ་ཙམ་ལ་རྔ་པ་རྫོང་གཅའ་ཞང་གི་གཞུང་ལམ་ཐོག་རང་ལུས་མེ་བསྲེག་བཏང་སྟེ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་པར་ངོ་རྒོལ་བྱས་ཡོད་པ་དང༌། ཁོང་སྐབས་དེར་འདས་གྲོངས་སུ་གྱུར་ཡོད་པ་རེད། ད་ཆ་རྔ་པའི་ཁུལ་དུ་དམག་ཁྲིམས་བསྡམ་པ་ལྟ་བུའི་དམ་བསྒྲཌ་ཆེན་པོའི་འོག་གནས་བཞིན་ཡོད་པ་མ་ཟད། ཀིརྟི་དགོན་པའི་ནང་དུ་རྒྱ་མིའི་ལས་བྱེད་པ་༣༠༠ འགྲེམས་འཇོག་བྱས་ཡོད་པར་བརྟེན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བློ་འཚབ་ཆེ་ཤོས་དེ། ད་ལྟའི་རྒྱ་ནག་གཞུང་གིས་རྔ་པ་དང་ཀིརྟི་དགོན་པའི་ཐོག་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་བྱ་སྤྱོད་དེ་ཡིས་གནས་སྟངས་དྲག་ཏུ་འགྲོ་རྒྱུའི་ཚབ་ཏུ་ད་དུང་ཡང་བཀྲ་མ་ཤིས་པའི་དོན་རྐྱེན་དེ་འདྲ་མུ་མཐུད་ཡོང་རྒྱུ་ཡིན་པའི་སེམས་ཁྲལ་ཆེན་པོ་ཡོད་པའི་སྐོར་དང༌། ད་དུང་ཉེ་ཆར་སུད་སི་གྲོང་ཁྱེར་ཇི་ནི་ལྦ་དུ་ཚོགས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས། བོད་ནང་དུ་རང་ལུས་མེར་བསྲེག་བཏང་བའི་རྒྱུ་རྐྱེན་ནི་༢༠༠༨ ནས་བོད་ནང་རྒྱ་ནག་གཞུང་གིས་དམ་བསྒྲགསཀྱི་བྱ་སྤྱོད་མུ་མཐུད་རྒྱུན་འཁྱོངས་བྱས་པར་བརྟེན་ནས་བྱུང་བ་ཡིན་པ་སྐྱོན་བརྗོད་གནང་བའི་སྐོར་དང༌། ཡང་འགྲོ་བ་མིའི་ལྟ་རྟོགས་པས་ཕྱི་ཟླ་གསུམ་པའི་ཚེས་༡༦ ཉིན་བཏོན་པའི་སྙན་ཐོའི་ནང་ལའང་གཅིག་མཚུངས་རྒྱ་ནག་གཞུང་གི་ནོར་འཁྲུལ་གྱི་སྲིད་ཇུས་ལ་སྐྱོན་བརྗོད་གནང་བའི་སྐོར་དང༌། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱིས་ཕྱི་ཟླ་གསུམ་པའི་ཚེས་༢༧ ཉིན་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་པ་སོགས་ཀྱི་གནས་ཚུལ་ལུང་འདྲེན་གནང་སྟེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་ལ་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ནོར་འཁྲུལ་ལག་བསྟར་བྱེད་ཀྱི་ཡོད་་པ་དང༌། བོད་རྒྱའི་དཀའ་རྙོགས་གྲོས་མོལ་ལམ་ནས་སེལ་དགོས་པར་རྒྱལ་སྤྱིའི་སྤྱི་ཚོཌ་ཀྱིས་འབོད་སྐུལ་གནང་བ་དེ་ཚོར་དོ་སྣང་བྱ་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པ་རེད།