༧གོང་ས་མཆོག་ཨ་རིའི་སྤྱི་ཚོགས་ཁྲོད་ཡིད་སྨོན་ཞུ་ཡུལ་ཆེ་ཤོས་གྲས་སུ་མཚན་འདོན་བྱུང་བ།

2020-12-30
Share
༧གོང་ས་མཆོག་ཨ་རིའི་སྤྱི་ཚོགས་ཁྲོད་ཡིད་སྨོན་ཞུ་ཡུལ་ཆེ་ཤོས་གྲས་སུ་མཚན་འདོན་བྱུང་བ། ༢༠༢༠ལོའི་ནང་ཨ་རིའི་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱི་ཡིད་སྨོན་ཆེ་ཤོས་སུ་ངོས་འཛིན་ཞུ་བའི་བསམ་ཚུལ་བསྡུ་ལེན་བྱས་པའི་ཁྲོད་༧གོང་ས་མཆོག་རྩེ་ཕུད་མི་སྣ་བཅུའི་ནང་མཚན་འདོན་བྱུང་བའི་གནས་ཚུལ།
པར་ཚགས།

ཨ་རིའི་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱི་ཡིད་སྨོན་ཞུ་སའི་རྩེ་ཕུད་མི་སྣ་བཅུའི་ཁོངས་སུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཚན་འདོན་བྱུང་འདུག་པ་དང་། སྤྱི་ཡོངས་སུ་ ཕྱི་ལོ་ ༢༠༢༠ལོའི་ནང་ཨ་རིའི་སྤྱི་ཚོགས་ཁྲོད་སྲིད་འཛིན་Donald Trump མཆོག་ལ་མང་ཚོགས་ཀྱི་ཡིད་སྨོན་ཆེ་ཤོས་བྱེད་སའི་སྐྱེས་པ་ཨང་དང་པོ་དང་། སྲིད་འཛིན་ཟུར་པ་Obama མཆོག་གི་སྐུ་ཟླ་ལྕམ་Michelle Obama བེུད་ཡིད་སྨོན་ཆེ་ཤོས་སུ་ངོས་འཛིན་ཞུ་ཡི་ཡོད་པའི་སྐོར་རྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་འདུག

དེ་ཡང་ Gallop Poll ཞེས་པའི་ཨ་རིའི་ནང་བསམ་ཚུལ་བསྡུ་ལེན་ཁེ་ལས་ཀྱིས་༢༠༢༠ལོའི་ནང་ཨ་རིའི་སྤྱི་ཚོགས་ཁྲོད་མང་ཚོགས་ཀྱི་ཡིད་སྨོན་ཆེ་ཤོས་སུ་ངོས་འཛིན་ཞུ་བའི་བསམ་ཚུལ་བསྡུ་ལེན་བྱས་འདུག་ཅིང་། རེས་གཟའ་མིག་མར་ཉིན་བསམ་ཚུལ་བསྡུ་ལེན་གྱི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་ནང་ལས་ཐོག་སྲིད་འཛིན་Trump མཆོག་ལ་མང་ཚོགས་བརྒྱ་ཆ་༡༨་ཀྱིས་ཡིད་སྨོན་ཞུ་ཡུལ་དུ་ངོས་འཛིན་གྱི་ཨང་དང་པོར་ངོས་འཛིན་བྱུང་འདུག Gallop བསམ་ཚུལ་བསྡུ་ལེན་ཁེ་ལས་ཀྱིས་ཉེ་སྔོན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་ཁྲོད་སྲིད་འཛིན་Trump མཆོག་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་གྱི་འོས་ཤོག་གྲངས་ཚད་ཕམ་ཉེས་བྱུང་ཡང་ཁོང་ལ་ད་རེས་ཡིད་སྨོན་ཆེ་ཤོས་ཨང་དང་པོར་ངོས་འཛིན་ཐོབ་པ་དེ་ནི་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་ཞུ་མཁན་མང་ཚོགས་ཁྲོད་ཁོང་ལ་ཧ་ཅང་གི་དགའ་མོས་བྱེད་བཞིན་ཡོད་པའི་རྒྱུ་མཚན་ལ་ཐུག་ཡོད་པ་བཀོད་འདུག ཨ་རིའི་སྤྱི་ཚོགས་ནང་བེུད་ཡིད་སྨོན་ཆེ་ཤོས་ཞུ་ཡུལ་ནང་ལྕམ་Michelle Obama ལ་ཨང་དང་པོར་ངོས་འཛིན་ཐོབ་པ་དེ་ནི། འདས་པའི་ལོ་གསུམ་རིང་བསྟུད་མར་ཁོང་ཨང་དང་པོར་ངོས་འཛིན་བྱུང་ཡོད་པ་རེད།  སྐྱེས་པའི་ཁྲོད་མང་ཚོགས་ཀྱི་ཡིད་སྨོན་བྱེད་ས་ཨང་གཉིས་པ་ནི་སྲིད་འཛིན་ཟུར་པ་Barrack Obama མཆོག་ལ་བརྒྱ་ཆ་༡༥དང་།  ཨང་གསུམ་པ་གསར་དུ་འོས་འདེམས་བྱུང་བའི་སྲིད་འཛིན་Joe Biden ལ་བརྒྱ་ཆ་༦དང་། ཨང་བཞི་པ་ཏོག་དབྱིབས་རིམས་ནད་འགོག་སྲུང་གི་ལས་དོན་སྣེ་འཁྲིད་གནང་མཁན་སྨན་པ་Dr. Fauci ལ་བརྒྱ་ཆ་གསུམ། ཨང་ལྔ་པ་ཡི་ཤུའི་གནམ་དག་ཆོས་ལུགས་ཀྱི་བླ་ཆེན་Pope Francis མཆོག་ལ་བརྒྱ་ཆ་༢བཅས་བྱུང་འདུག་  དེ་མིན་མང་ཚོགས་ཀྱི་ཡིད་སྨོན་ཞུ་ཡུལ་རྩེ་ཕུད་མི་སྣ་བཅུའི་ཁོངས་སུ་བོད་མིའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ཨ་རིའི་ཕྱུག་བདག་Elon Musk དང་ Bill Gates ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་Bernie Sanders དང་།  སིལ་པོལ་རྩེད་མཁན་གྲགས་ཅན་Lebron James བཅས་ལ་བརྒྱ་ཆ་༡རེ་བཅས་ཀྱི་ངོས་འཛིན་བྱུང་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།