༸གོང་ས་མཆོག་མཇལ་ནས་ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོས་ནང་ཆོས་བརྒྱུད་སེམས་ཀྱི་བདེ་སྐྱིད་ཡོང་བར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཆར་ཅན་ལྟར་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བོད་རིགས་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་སྣ་ཚོགས། ཕྱི་རྒྱལ་མི་རིགས་བཅས་ལ་སྤྱི་ཟླ་ ༢པའི་ཚེས་ ༢༦ ཉིན་ཐུགས་དགྱེས་ཚོར་དང་བཀའ་དྲིན་ཆེན་པོའི་སྒོ་ནས་མཇལ་ཁ་སྩལ་ཡོད་ཅིང་། དེའི་ནང་ལྷོ་ཤར་ཨེ་ཤེ་ཡའི་དམར་ཕྱོགས་རྒྱལ་ཁབ་ཝི་ཏི་ནམ་གྱི་སེར་སྐྱ་ཕོ་མོ་ ༢༥ ལའང་མཇལ་ཁ་སྩལ་ཡོད་ཅིང་། ཁོ་ཚོའི་རུ་ཁག་དེར་མཇལ་ཁ་གོ་སྒྲིག་གནང་མཁན་ལྕམ་ཐོས་ཡེའན་ཐུ་ལགས་ནས། ཁོ་རང་ཚོས་༸གོང་ས་མཆོག་གི་གསུང་ཆོས་ནམ་ཡོད་ལ་མཇལ་ཁ་གོ་སྒྲིག་གནང་སྟེ་ལོ་ ༡༤ འགྲོ་བཞིན་པ་དང་། ཝི་ཏི་ནམ་ནི་སྲོལ་རྒྱུན་གྱི་ཆ་ནས་ནང་པའི་རྒྱལ་ཁབ་ཞིག་སྟེ་མི་འབོར་བརྒྱ་ཆ་ ༨༠ ནས་ ༩༠ ནང་ཆོས་ལ་དད་པ་གནང་མཁན་ཡིན་ནའང་། གཙུག་ལག་ཁང་དུ་སྨོན་ལམ་འདེབས་པ་ཙམ་མ་གཏོགས་ནང་ཆོས་སློབ་གཉེར་གྱི་མཐུན་རྐྱེན་འཛོམས་པོ་མེད་པས། འདིར་ཡོང་ནས་༸གོང་ས་མཆོག་ལ་མཇལ་བ་དང་ནང་ཆོས་སློབ་གཉེར་གྱི་གོ་སྐབས་མཐོང་སྟེ། གཞོན་སྐྱེས་མང་པོའི་མི་ལ་འགྱུར་བ་ཕྱིན་པ་དང་མི་ཚེ་ལ་སྙིང་པོ་ལོན་པ། སེམས་ཀྱི་བདེ་སྐྱིད་འཚོལ་བར་ཕན་ཐོགས་འབྱུང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག ཡང་ཁོང་ཚོའི་རུ་ཁག་གི་འགོ་ཁྲིད་ཧོང་ཧའེ་ལགས་ནས་ཀྱང་། སོ་སོའི་སེམས་ནང་༸གོང་ས་མཆོག་ལ་མཇལ་ཏེ་འགུལ་དཀྱོག་ཤུགས་ཆེ་བྱུང་བ་མ་ཟད། སོ་སོའི་སེམས་ཀྱི་གཏིང་ནས་༸གོང་ས་མཆོག་ནི་ཆོས་དང་བྱམས་བརྩེ། ཞི་བདེ་དང་སྙིང་རྗེ་བཅས་ཀྱི་དེད་དཔོན་ཆེན་པོ་ཞིག་ཡིན་པར་ཚོར་གྱི་ཡོད་པར་བརྟེན། ཁོང་གི་མཇལ་ཁ་དང་གསུང་ཆོས་ཀྱི་བྱིན་རླབས་ཐོབ་རེས་བཞིན་སོ་སོའི་སེམས་ནང་། གཞན་ཕན་གྱི་བསམ་པ་ཤུགས་དྲགས་ཡོང་བ་དང་ཅི་ཐུབ་ཀྱིས་གཞན་དོན་སྒྲུབ་འདོད་ཡོང་གི་འདུག་ཅེས་འགྲེལ་བརྗོད་གནང་སོང་།
ཡང་མཇལ་ཁ་ཞུ་མཁན་ཁྲིན་ནམ་ལགས་ནས་༸གོང་ས་མཆོག་གི་བྱམས་བརྩེའི་བསླབ་བྱ་ནི་ཝི་ཏི་ནམ་གྱི་གཞོན་སྐྱེས་ཧ་ཅང་དགོས་གལ་ཆེན་པོར་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་དོན། ཝི་ཏི་ནམ་གྱི་གཞོན་སྐྱེས་ཚོར་མཚོན་ན་སོ་སོའི་མཐའ་འཁོར་གྱི་མི་ལ་བྱམས་བརྩེ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་དང་། དམིགས་བསལ་ང་རང་སྒེར་ངོས་ནས་༸གོང་ས་མཆོག་གི་གསུང་ཆོས་ནི། སོ་སོའི་སེམས་ནང་བྱམས་བརྩེ་འབྱུང་བ་དང་མི་ཚེ་བྱམས་བརྩེ་ལྡན་པའི་ངང་བསྐྱལ་བའི་སྐུལ་ལྕག་ཤུགས་ཆེ་ཤོས་དེ་ཡིན་ཞེས་འགྲེལ་བརྗོད་གནང་སོང་། ཡང་མཇལ་བཅར་པ་ཝི་ཏི་ནམ་གྱི་གཞོན་སྐྱེས་ཐེའེ་ཡིང་ཁཱ་ལགས་ནས། ཁོ་རང་༸གོང་ས་མཆོག་གི་ཞལ་རས་མཇལ་ཙམ་གྱིས་སེམས་ནང་བདེ་སྐྱིད་དཔག་ཏུ་མེད་པ་ཞིག་འབྱུང་གི་འདུག་ཅེས་འགྲེལ་བརྗོད་གནང་དོན། ང་ཚོ་མཇལ་ཁ་ཞུ་མཁན་དང་པོའི་གྲས་ཡིན་པ་དང་༸གོང་ས་མཆོག་གི་ཞལ་དཀྱིལ་སོ་སོའི་མིག་གིས་མཐོང་མ་ཐག སེམས་ནང་དགའ་ཚོར་དང་བདེ་སྐྱིད་དཔག་ཏུ་མེད་པ་ཞིག་གིས་ཁྱབ་སོང་བ་མ་ཟད། སོ་སོའི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱུང་བ་དང་། ནམ་རྒྱུན་སོ་སོ་སེམས་མི་སྐྱིད་པ་ཤུགས་ཆེ་ཡོད་ནའང་། ༸གོང་ས་མཆོག་ཐོག་མར་མཇལ་བ་འདིས་སེམས་ཧ་ཅང་སྐྱིད་པོ་བྱུང་ཞེས་འགྲེལ་བརྗོད་གནང་སོང་།
ཡང་ཝི་ཏི་ནམ་གྱི་བཙུན་མ་བསྟན་འཇམ་དབྱངས་ལགས་ནས། སོ་སོའི་སྐྱེད་ཡབ་དང་གཅེན་མོ་ཁྲིད་ནས་མཇལ་ཀར་བཅར་པ་དང་། ཁོ་གཉིས་ནས་མཇལ་ཁ་ཞུས་པ་དང་པོ་ཡིན་པས་ཧ་ཅང་སྐྱིད་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
སྤྱི་ལོ་ ༡༩༧༥ ལོར་ལྷོ་བྱང་ཝི་ཏི་ནམ་གཅིག་གྱུར་གྱིས་དམར་ཤོག་གི་དབང་བསྒྱུར་འོག་ཤོར་བ་ནས་བཟུང་། ཝི་ཏི་ནམ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཞིག་ཡིན་པས། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་བཀག་སྡོམ་སོགས་དཀའ་ངལ་ཆེན་པོ་འཕྲད་ཡོད་ནའང་། སྤྱི་ལོ་ ༡༩༨༦ ནས་རྒྱ་ནག་དང་འདྲ་བར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ལག་བསྟར་གྱིས། དཔལ་འབྱོར་སྒོ་འབྱེད་བྱས་ཏེ་ད་ཆ་ཡར་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཞིག་ཡིན་སྟབས། སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ནང་ཆོས་ལ་དོ་སྣང་དོན་གཉེར་གྱིས་༸གོང་ས་མཆོག་ལ་མཇལ་བཅར་དང་གསུང་ཆོས་ཞུ་མཁན་གྱི་ཝི་ཏི་ནམ་པ་ཧ་ཅང་མང་པོ་ཡོང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།