༧གོང་ས་མཆོག་བཞུཊ་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་འདུག

0:00 / 0:00

0:00 / 0:00

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མོན་རྟ་དབང་སོགས་རྒྱ་གར་བྱང་ཤར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་པའི་རྗེས་འདི་ཚེས་༡༢་ཉིན་ཕྱིར་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་སྐབས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་གྷ་གྷལ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་རེད། དེ་ནས་བཞུགས་སྒར་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་འདུག་ལ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་། ཕྱག་སྦྲེལ་གཉིས། དེ་བཞིན་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཀྱིས་རྒྱལ་བའི་གཟིམ་ཆུང་ཕོ་བྲང་གི་རྒྱལ་སྒོའི་ཉེ་འགྲམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་གནང་ཡོད་པ་རེད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་གསུམ་པའི་ཚེས་༣༡་ཉིན་བཞུགས་སྒར་ནས་རྒྱ་གར་བྱང་ཤར་སྒོ་ཝ་ཧ་ཊི་དང་། འབུམ་སྡེ་ལ། དི་རང་། རྟ་དབང་བཅས་སུ་ཆིབས་བསྒྱུར་མཛད་འཕྲིན་བསྐྱངས་གནང་མཛད་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།