ལྷོ་ཨ་ཧྤི་རི་ཀའི་རྫུ་ལུའི་སྲས་མཱན་གྷོ་སུ་ཐུ་སྦུ་ཐེ་ལེ་ཪྫི་མཆོག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོའི་གསུང་འཕྲིན་སྩལ་བ།
ཕྱི་ལོ་ ༢༠༢༣ ཟླ་བ་ ༩ ཚེས་ ༡༠ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ལྷོ་ཨ་ཧྤི་ར་ཀའི་རྫུ་ལའི་སྲས་དང་ཡུལ་དེའི་གྲོས་ཚོགས་འཐུས་མི་དུས་ཡུན་རིང་གནང་མྱོང་མཁན་སྲས་དམ་པ་སྐུ་ཞབས་མཱན་གྷོ་སུ་ཐུ་སྦུ་ཐེ་ལེ་ཪྫི་མཆོག་(Mangosuthu Buthelezi)འདི་ཚེས་༩ཉིན་དགུང་གྲངས་༩༥ཐོག་འདས་གྲོངས་སུ་ཕྱིན་པར། དམ་པ་ཁོང་གི་ནང་མི་ལྷན་རྒྱས་དང་རྗེས་འབྲང་པ་ཡོངས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་།
༸གོང་ས་མཆོག་གིས། ངོས་རང་དམ་པ་ཁོང་དང་ཐེངས་མང་ཐུག་འཕྲད་བྱུང་མྱོང་ཡོད། ཅེས་དང་། དམ་པ་ཁོང་ནི་ངོས་དང་བོད་མི་རྣམས་ལ་སེམས་ཉེ་བའི་གྲོགས་པོ་ཞིག་ཡིན། ཞེས་དང་། དམ་པ་ཁོང་ནས་དགུང་ལོ་༩༥བར་མི་ཚེ་དོན་སྙིང་ལྡན་པའི་ངང་བསྐྱལ་ཐུབ་ཡོད་ཅེས་བཀའ་སྩལ་འདུག་ཅིང་། ཡང་༸གོང་ས་མཆོག་གིས་མུ་མཐུད། དམ་པ་ཁོང་ནས་བོད་ཀྱི་ཆེ་མཐོང་དང་རང་དབང་གི་ཆེད། ཐུགས་སྣང་ཆེན་པའི་ངང་རྟག་ཏུ་རྒྱབ་སྐྱོར་གནང་བར། ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། རྟག་ཏུ་བཀའ་དྲིན་བསམ་བཞིན་ཡོད་ཅེས་བཀའ་སྩལ་འདུག
ཡང་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོས་སྐྱབས་པ་འཆི་མེད་རིག་འཛིན་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཞལ་པར་བརྒྱུད་བཀའ་འདྲི་ཞུས་པར། དམ་པ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐོག་མོར་ཕྱི་ལོ་༡༩༩༦ལོར་ལྷོ་ཧྤི་རི་ཀར་མཇལ་འཕྲད་ཡོད་པ་དང་། རིམ་པས་༸གོང་ས་མཆོག་དང་ཐེངས་མང་མཇལ་འཕྲད་ཀྱིས། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་སྲས་དམ་པ་སྐུ་ཞབས་མཱན་གྷོ་སུ་ཐུ་སྦུ་ཐེ་ལི་རྫི་མཆོག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཡོད་མཁན་ཞིག་དང་། ལྷག་པར་དུ་ཕྱི་ལོ་༢༠༠༩ལོར་ལྷོ་ཨ་ཧྤི་རི་ཀའི་གཞུང་གིས་༸གོང་ས་མཆོག་ལ་མཐོང་མཆན་མ་ཕུལ་བའི་སྐབས། སྲས་དམ་པ་སྐུ་ཞབས་མཱན་གྷོ་སུ་ཐུ་སྦུ་ཐེ་ལི་རྫི་མཆོག་གིས་སྔ་ཕྱི་རིམ་པར་ཡུལ་དེའི་ཆེ་མཐོའི་ཁྲིམས་ཁང་སོགས་ལ་གཏུག་བཤེར་གནང་ཡོད་ཅིང་། དམ་པ་ཁོང་གིས་ལྷོ་ཨ་ཧྤི་རི་ཀའི་གཞུང་གི་བྱ་སྤྱོད་དེ་རིགས་ནི་གཙོ་བོ་རྒྱ་ནག་ལ་བསྟུན་མཁན་ཁོ་ན་ཡིན་ཞེས་བརྗོད་ཡོད་པ་རེད། ཡང་དམ་པ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་༨༦ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྐབས། འཚམས་འདྲི་གནང་བའི་ནང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་མི་མང་གིས་འདེམས་པའི་དབུ་ཁྲིད་ལ་སྩལ་ཡོད་སྟབས། དམ་པ་ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པ་ནས་དུས་རྟག་ཏུ་བོད་དོན་ལ་རྒྱབ་སྐྱོར་ཡོད་ཅེས་བཀོད་ཡོད་འདུག
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།