རྨོངས་བའི་དབང་གིས་དཀའ་ངལ་མང་པོ་ཞིག་ང་ཚོ་མིས་བཟོ་བཞིན་འདུག ༧གོང་ས་མཆོག་གིས།

2020-01-02
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སྐབས། ༢༠༢༠།༡།༢
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སྐབས། ༢༠༢༠།༡།༢
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་ཁ་ཤས་ལ་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུགས་མཛད་སོང་།
སྤྱི་ལོ་༢༠༢༠་ཟླ་ ༡ ་ཚེས་ ༢ ་ཉིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་ར་བའི་ནང་། ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་ཁ་ཤས་འཛོམས་པར། པཱ་ལིའི་ཆོས་བརྒྱུད་ཀྱི་དགེ་འདུན་པ་ཁག་ཅིག་གིས་པཱ་ལིའི་སྐད་ཐོག་བཀྲ་ཤིས་པའི་མདོ་དང་ཤེས་རབ་སྙིང་པོ་གསུང་འདོན་གནང་བ་དང་མཉམ་རྒྱལ་སྲས་ཐོག་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་དབུ་འཛུགས་མཛད་སོང་། གསུང་ཆོས་སྔོན་༧གོང་ས་མཆོག་གིས། དེ་རིང་ཁ་སང་སྤྱིར་ཆོས་དད་མེད་མཁན་ཚོ་ཡང་རྒྱ་གར་གྱི་དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་ཚད་མ་རིག་པ་དང་། ལྟ་གྲུབ་རིག་པ། སེམས་ཁམས་རིག་པ། དཔེར་ན། (quantum physics)་ལ་དམིགས་བསལ་དོ་སྣང་ཡོང་གི་ཡོད་པ་དང་། སྟོན་པ་བཀའ་དྲིན་ཅན་བྱུང་ནས་ལོ་ ༢༥༠༠ ་ལྷག་ཕྱིན་པ་རེད། དུས་རབས་ ༢༠ ་དང་ ༢༡ ་པའི་ནང་འཛམ་གླིང་གི་ཤར་ནུབ་གང་སར་ནང་ཆོས་ལ་དོ་སྣང་ཤུགས་ཆེ་རུ་ཕྱིན་ཡོད། ང་ཚོ་འདིར་འཛོམས་ཡོད་པ་དག་ཕ་མེས་ནས་ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་བྱེད་མཁན་ཆགས་ཡོད། ང་ཚོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་དང་།
ད་ལྟ་དངོས་ཡོད་གནས་ཚུལ་ལ་འཛམ་བུ་གླིང་འདིའི་སྒང་ལ་དཀའ་ངལ་དང་སྡུག་བསྔལ་མང་པོ་ཞིག་ཡོད། སེམས་ཅན་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་རེད། ཡིན་ཡང་དཀའ་ངལ་མང་པོ་ཞིག་ང་ཚོ་མིས་བཟོ་ཡི་འདུག སྡུག་བསྔལ་འདོད་ནས་སྡུག་བསྔལ་བཟོས་པ་མ་རེད། རྨོངས་པའི་དབང་གིས་རེད། ཆགས་སྡང་གི་སྐྱོན་ཡོད་པ་དེས་གཉེན་པོ་བསྟེན་སྟངས་མ་ཤེས་རེད། དཀོན་མཆོག་ལ་ཡིད་ཆས་བྱེད་མཁན་ཚོས་ཀྱང་གང་འཚམ་ཞིག་ནས་དཀོན་མཆོག་གིས་བཟོས་པ་རེད་ཅེས་དཀོན་མཆོག་ལ་འགན་འཁྲི་རྒྱུའི་ཉེན་ཁ་འདུག གང་ལྟར་སེམས་བཏུལ་ན་བདེ་སྐྱིད་དང་སེམས་མ་འདུལ་ན་སྡུག་བསྔལ་ཡོང་གི་རེད། མཐོང་ཆོས་སུ་ཡོད་པའི་འཛམ་གླིང་གི་དབུ་ཁྲིད་ཚོ་ཡིན་ན་རེད། ཆབ་སྲིད་པ་ཚོ་ཡིན་ན་རེད། མི་མང་ཡིན་ན་རེད། གང་ལྟར་རང་གཅེས་འཛིན་གྱི་གོང་བུ་བྱས་ནས་སྡོད་ཀྱི་འདུག གཞན་གཅེས་འཛིན་གྱི་འདང་གི་མི་འདུག དངོས་གནས་བྱས་ན་དམངས་གཙོ་ཟེར་བ་དེ་ཧ་ལས་པའི་ཡག་པོ་རེད། དམངས་གཙོ་མཐིལ་ཕྱིན་པ་ཞིག་ཡོང་བར་གཞན་གཅེས་འཛིན་དགོས་པ་རེད། མང་གཙོ་ཁར་ཁྱེར་ནས་རང་དོན་བསྒྲུབས་པ་ཡིན་ན། དོན་དག་རང་གཅེས་འཛིན་གྱི་གཞན་དབང་དུ་སོང་བ་ཡིན་སྟབས་བདེ་སྐྱིད་ཡོང་གི་མ་རེད། འཛམ་གླིང་གང་སར་ལྟོས་དང་ལྐོག་གྱུར་མ་ཡིན་པར་མཐོང་ཆོས་སུ་ཡོད་པ་ནི། དྲན་རྒྱུ་རྒོད་པོ། བྱེད་རྒྱུ་འབེལ་བོ། དཔལ་འབྱོར་གྱི་ཐོག་ནས་བཤུ་གཞོག་གཏོང་རྒྱུ་དང་། མགོ་སྐོར་གཏོང་རྒྱུ། དབང་ཡོད་བྱེད་རྒྱུ་སོགས་ཡོང་གི་འདུག
འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་ཕྱི་དངོས་པོ་གཅིག་པུས་འདང་གི་མི་འདུག སེམས་ལ་བྱམས་བརྩེ་དགོས་རྒྱུ་དེ་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་བསྩལ་ཡོད།
ཐེངས་འདིའི་གསུང་ཆོས་ལ་རྒྱ་བལ་འབྲུག་གསུམ་གཙོས་རྒྱལ་ཁབ་ ༦༧ ་ཙམ་ནས་ཁྱོན་དད་ལྡན་ཆོས་ཞུ་བ་ཁྲི་གསུམ་ལྷག་ཕེབས་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་དང་། དབྱིན་སྐད་དང་། རྒྱ་སྐད་སོགས་སྐད་རིག་མི་འདྲ་བ་༡༡་ཐོག་གསུང་བསྒྱུར་གནང་གི་ཡོད་པ་མ་ཟད་། དགའ་ལྡན་ཕོ་བྲང་གི་སྤྱི་ཚོགས་དྲ་ལམ་ནས་ཐད་གཏོང་གནང་བཞིན་པར་དྲ་ལམ་ནས་གཟིགས་མཁན་ཧ་ཅང་མང་པོ་ཡོད་པ་རེད།
ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་བཞུགས་པའི་རིང་། རྒྱ་གར་བྷེ་ཧར་མངའ་སྡེ་གཞུང་གི་ངོས་ནས་སྐུ་ཕྱའི་སྲུང་བྱ་དོ་དམ་རུ་བཏང་ཡོད་པ་དང་། ས་གནས་སུ་བདེ་སྲུང་དམག་མི་ ༡༠༠༠ ་ལྷག་འགྲེམས་འཇོག་གནང་ཟིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།