སངས་རྒྱས་ཀྱི་སྐུ་བརྙན་ལས་གསུང་ཉམས་ལེན་གནང་རྒྱུ་གལ་ཆེ། ༧གོང་ས་མཆོག་གིས།

2020-01-06
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སྐབས། ༢༠༢༠།༡།༦
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སྐབས། ༢༠༢༠།༡།༦
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་འཇམ་དབྱངས་ཆོས་སྐོར་གྱི་ཆོས་འབྲེལ་ལེགས་པར་མཇུག་སྒྲིལ་མཛད་སོང་།
ཕྱི་ཚེས་ ༦ ་ཉིན་འཇམ་དབྱངས་ཆོས་སྐོར་གྱི་གསུང་ཆོས་ཀྱི་ཉིན་མཐའ་མའི་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། རྒྱ་གར་གྱི་ནང་པའི་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་གསུང་ཆོས་ར་བར་ཕྱི་ནང་གི་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་བརྒལ་བར། འཇམ་དབྱངས་ཆོས་སྐོར་ལས་ཆོས་རྒྱལ་ཕྱི་ནང་གསང་གསུམ་གྱི་རྗེས་གནང་བསྩལ་བ་དང་འབྲེལ་བཀའ་སློབ་སྩལ་སྐབས། ང་རང་ཚོའི་དགེ་བའི་རྩ་བའི་མཐུ་ལ་བརྟེན་ནས་བོད་གངས་ཅན་ལྗོངས་ཀྱི་རྒྱལ་བའི་བསྟན་པ་དེ་བཞིན་བོད་རྒྱ་ཆེའི་མི་དམངས་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཀྱིས་བཟུང་ནས་བསྡད་ཡོད་པ་རེད། རྒྱ་ནག་ནང་དུ་ཡང་ནང་པ་ཇེ་མང་ལ་འགྲོ་བཞིན་འདུག རིམ་པས་རྒྱལ་བའི་བསྟན་པ་དེ་གངས་ཅན་པའི་ལྗོངས་ཙམ་མིན་པར་ནང་པའི་ཡུལ་གྲུ་ཚང་མའི་ནང་ཁྱབ་ཀྱི་རེད་ཅེས་དང་། ད་དུང་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ལས་གཙོ་བོ་སངས་རྒྱས་ཀྱི་གསུང་ཉམས་ལེན་བྱེད་གལ་ཆེ་བ་དང་། ང་ལ་དགའ་མོས་བྱེད་མཁན་ཚོས་ངའི་ལུས་དྲན་པ་ལས་ངས་གང་བཤད་པ་རྣམས་སེམས་ལ་དྲན་པའི་ཐོག་ཉམས་ལེན་བྱ་དགོས་པའི་ལམ་སྟོན་མཛད་ཡོད་པ་རེད།
ཐེངས་འདིའི་གསུང་ཆོས་ལ་རྒྱ་བལ་འབྲུག་གསུམ་གཙོས་རྒྱལ་ཁབ་ ༦༧ ་ཙམ་ནས་ཁྱོན་དད་ལྡན་ཆོས་ཞུ་བ་ཁྲི་གསུམ་ལྷག་ཕེབས་ཡོད་པའི་ཚོད་དཔག་གནང་གི་ཡོད་པ་དང་། ལ་དྭགས་ནུབ་ར་ནས་ཡིན་པའི་ཆོས་ཞུ་བ་བསོད་ནམས་དཔལ་འབར་ལགས་ཀྱིས། ངོས་རང་ད་རེས་༧གོང་ས་མཆོག་མཇལ་བ་དང་གསུང་ཆོས་ཞུ་རྒྱུའི་གོ་སྐབས་ཐོབ་པར་སེམས་ནང་དགའ་ཚོར་ཆེན་པོ་བྱུང་ཅེས་དང་། ཡང་འབྲུག་ནས་ཕེབས་པའི་ཆོས་ཞུ་བ་ཕུར་པ་ལགས་ཀྱིས། ང་ཚོ་འབྲུག་གི་མཐའ་མཚམས་ས་ཁུལ་ནས་ཡིན་དུས་༧གོང་ས་མཆོག་དངོས་སུ་མཇལ་རྒྱུའི་གོ་སྐབས་ཐོབ་ཁག་པོ་རེད། ད་རེས་འདི་གར་ང་རང་གི་རེ་སྨོན་ལྟར་༧གོང་ས་མཆོག་ལ་མཇལ་ནས་སེམས་ནང་དགའ་ཚོར་ཆེན་པོ་ཐོབ་སོང་ཞེས་བརྗོད་ཀྱི་འདུག
ད་ལྟའི་མཛད་འཆར་ལྟར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༧ ་བར་གནས་མཆོག་རྡོ་རྗེ་གདན་དུ་སྐུ་ངལ་གསོ་ཆེད་སྐུ་ལྷོད་བཞུགས་གནང་མཛད་རྗེས། ཕྱི་ཚེས་ ༡༨ ་ཉིན་བྷེ་ཧར་མངའ་སྡེའི་གྲོང་ཁྱེར་པཊ་ན་དང་། དེ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་བཞུགས་སྒར་རྡ་རམ་ས་ལར་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།