རྒྱ་ནག་གིས་བོད་ཀྱི་རིག་གཞུང་ནི་ཁ་བྲལ་གྱི་རྐྱེན་རྩ་ལ་བརྩི་བཞིན་པས་དཀའ་ངལ་ཡོང་གི་ཡོད། ༧གོང་ས་མཆོག་གིས།

2021-02-17
Share
རྒྱ་ནག་གིས་བོད་ཀྱི་རིག་གཞུང་ནི་ཁ་བྲལ་གྱི་རྐྱེན་རྩ་ལ་བརྩི་བཞིན་པས་དཀའ་ངལ་ཡོང་གི་ཡོད། ༧གོང་ས་མཆོག་གིས། སྤྱི་ནོར༧གོང་ས་མཆོག་གིས་རྒྱ་གར་ཉེན་རྟོག་པ་ཚོར་བཀའ་སློབ་སྩལ་སྐབས། ༠༢།༡༧།༢༡
OHHDL

ཀུན་སློང་དྲང་བདེན་དང་མི་མང་གི་བདེ་དོན་ཆེད་སྐབས་རེར་རྩུབ་སྤྱོད་ཅུང་ཟད་རེ་བསྟེན་དགོས་བྱུང་ནའང་འགྲིག་གི་ཡོད་པ་༧གོང་ས་མཆོག་གིས་རྒྱ་གར་ཉེན་རྟོག་པ་ཚོར་བཀའ་སྩལ་སོང་།
རྒྱ་གར་གྱི་ཉེན་རྟོག་པའི་ཐེབས་རྩའམ་(Indian police foundation)ནས་གསོལ་འདེབས་ཞུས་པ་བཞིན། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། རྒྱ་གར་གྱི་ཉེན་རྟོག་པ་སྟོང་ཕྲག་བརྒལ་བར་སྤྱི་ཟླ་༢པའི་ཚེས་༡༧ཉིན། བྱམས་བརྩེ་དང་གཞན་གྱི་བདེ་སྡུག་ལ་ཤ་ཚ་གནང་སྟངས་ཀྱི་ཐོག་ལམ་སྟོན་བཀའ་སློབ་གནང་ཡོད་ཅིང་། སྐབས་དེར་ཉེན་རྟོག་པ་ཞིག་གིས་ས་མཚམས་ཀྱི་ཉེན་རྟོག་པ་ཚོའི་སེམས་འཁྲུག་ནས་སྡོད་མི་དགོས་པར། གྲུང་པོ་དང་ཞི་ལྷོད། སེམས་སྐྱིད་པོའི་ལམ་ནས་འཚོ་ཐབས་ཀྱི་ཐོག་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། རྒྱ་གར་གྱི་ས་མཚམས་ཉེན་རྟོག་པ་དང་དམག་དཔུང་གིས། འཚེ་བ་མེད་པའི་ཀུན་སློང་བཟང་པོ་གཞི་ལ་བཞག་ནས། བདེན་པ་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་གི་ཡོད་ཅིང་། རྒྱ་ནག་དམར་ཤོག་གིས་ནང་ཆོས་བརྩིས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ནི་ཁ་བྲལ་གྱི་འབྱུང་རྩ་ཞིག་ལ་བརྩི་བཞིན་པར་བརྟེན་དཀའ་ངལ་ཡོང་གི་ཡོད། རྒྱ་གར་ཕྱོགས་ཀྱི་ཉེན་རྟོག་པ་དང་དམག་དཔུང་གིས་སྒྲིག་ཆས་གྱོན་ཏེ་མཚོན་ཆ་བཟུང་ཡོད་པ་བཞིན། ཕར་ཕྱོགས་ལའང་མཚོན་ཆ་སོགས་གཅིག་མཚུངས་སུ་ཡོད་ནའང་། རྒྱ་གར་དམག་དཔུང་གིས་དངོས་གནས་དྲང་གནས་གནའ་རབས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་གི་ཡོད་པ་ལས་གཏོར་བཤིག་གཏོང་གི་མེད་པ་མ་ཟད། འཚེ་བ་མེད་པ་གཞི་ལ་བཞག་ནས་བྱམས་བརྩེའི་ཀུན་སློང་གཙོ་བོར་བཟུང་ཡོད་པ་རེད། ཕར་ཕྱོགས་དེར་བཀའ་ཁྱབ་ཀྱི་འོག་ནས་དེ་ལྟ་བུའི་བསམ་བློ་དང་ཚོར་བ་མེད་ཁར། ཆབ་སྲིད་ཀྱི་ཚོར་བ་གང་འཚམས་སྐྱེན་པོ་ཡོད་མིན་ལ་མ་ལྟོས་པར། རྒྱ་ནག་དམར་ཤོག་གིས་ནང་ཆོས་ཚུད་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཤུལ་བཞག་དེ། ཁ་བྲལ་གྱི་འབྱུང་རྩ་ལ་བརྩིས་བཞིན་ཡོད་པ་དེས་དཀའ་ངལ་ཡོད་པ་དང་། སྒྲིག་ཆས་དང་མཚོན་ཆ་བཟུང་གཅིག་པ་ཡིན་ནའང་། ཚུར་ཕྱོགས་དེས་བདེན་པ་ལ་སྲུང་སྐྱོབ་གནང་གི་ཡོད་པ་དང་། ཕར་ཕྱོགས་དེས་བསམ་བློ་གུ་དོག་པོ་བཏང་གི་ཡོད་ཅེས་བཀའ་གནང་གི་འདུག
གཞན་ཡང་༧གོང་ས་མཆོག་གིས། ཉེན་རྟོག་པ་ཚོས་དྲང་པོ་དྲང་བཞག་དང་མི་མང་གི་བདེ་དོན་ཆེད། སྐབས་རེར་རྩུབ་སྤྱོད་ཅུང་ཟད་རེ་བསྟེན་དགོས་བྱུང་ནའང་འགྲིག་གི་ཡོད་པ་རེད། ཉེན་རྟོག་པ་ཞིག་ལ་ཆ་མཚོན་ན། གནས་སྟངས་འདྲ་མིན་གྱི་འོག་ནས་སྐབས་རེར་དམ་དྲག་དང་རྩུབ་སྤྱོད་གང་འཚམས་རེའང་བསྟེན་དགོས་ཐུག་གི་ཡོད་མོད། ཀུན་སློང་དྲང་པོ་དྲང་བཞག་གིས་མི་མང་པོའི་ཁེ་ཕན་དང་སྲུང་སྐྱོབ་ཆེད་ཡིན་པས་འགལ་བ་གང་ཡང་མེད། བྱ་བ་གང་འདྲ་ཞིག་ཡིན་ནའང་དེ་ལེགས་དང་ཉེས་ཀྱི་ཁྱད་པར་ནི། ཀུན་སློང་ཁོ་ན་དང་དམིགས་ཡུལ་ལ་ཐུག་ཡོད་པས། ཉེན་རྟོག་རུ་ཁག་གིས་གནས་སྟངས་འདྲ་མིན་གྱི་འོག་ཅུང་ཟད་རྩུབ་སྤྱོད་བསྟེན་དགོས་བྱུང་ནའང་འགལ་ཟླ་གང་ཡང་མེད་ཅེས་བཀའ་གནང་ཡོད།

ཡང་༧གོང་ས་མཆོག་གིས། སྐུ་ཉིད་ལ་ལོ་ངོ་དགུ་ཙམ་གྱི་རིང་རྒྱ་ནག་གི་ཉེན་རྟོག་པ་མཐོང་བའི་ཉམས་མྱོང་ཡོད་ཅིང་། ལོ་ངོ་དྲུག་ཅུ་ལྷག་གི་རིང་རྒྱ་གར་ཉེན་རྟོག་པ་མཐོང་བའི་ཉམས་མྱོང་གི་ཐོག་ནས་བལྟས་ན། སྒྲོམ་གཞི་ལ་བརྟེན་ནས་ཁྱད་པར་ཡོང་གི་འདུག རྒྱ་གར་གྱི་ཉེན་རྟོག་པ་ནི་དངོས་ཡོད་གནས་ཚུལ་དང་མང་གཙོ། རང་དབང་བཅས་ལ་བསྟུན་ནས་འགྲོ་ཡི་ཡོད་པར་བརྟེན། སྐབས་རེར་མི་ཁ་ཤས་ཀྱིས་རྒྱུ་མཚན་ལ་ཉན་འཇོག་མི་བྱེད་མཁན་བྱུང་ན། དམ་དྲག་ཅུང་ཟད་དང་རྩུབ་སྤྱོད་བཀོལ་དགོས་བྱུང་ནའང་། དེ་ལ་ང་ཚོས་སྤྱོད་པ་ལ་ལྟོས་ནས་ལེགས་ཉེས་དབྱེ་འབྱེད་བྱེད་མི་ཐུབ་པར། ཀུན་སློང་དང་དངོས་ཡོད་གནས་སྟངས་ལ་བལྟ་དགོས་པ་རེད། དངོས་ཡོད་གནས་སྟངས་ཀྱི་ཐོག་ནས་བཤད་ན་མང་གཙོ་དང་རང་དབང་གི་རིན་ཐང་ལ་སྲུང་སྐྱོབ་གནང་གི་ཡོད་པ་རེད་ཅེས་བཀའ་གནང་ཡོད།

རྒྱ་གར་གྱི་ཉེན་རྟོག་པའི་ཐེབས་རྩ་ཁང་ནི། རྒྱ་གར་གྱི་མཐོ་རིམ་ཉེན་རྟོག་མི་སྣ་ཟུར་པ་དང་ལས་ཐོག གཞུང་ཞབས་པ་དང་གསར་འགོད་པ། མཁས་པ་སོགས་སྤྱི་ཚོགས་ལས་རིགས་འདྲ་མིན་གྱི་མི་སྣ་ལས་གྲུབ་པ་ཞིག་ཡིན་ཅིང་། ཁོང་ཚོ་ནི་ཉམས་ཞིབ་ཀྱི་ལམ་ནས་རྒྱ་གར་ཉེན་རྟོག་པའི་གནས་སྟངས་ལ་བསྒྱུར་བཅོས་དང་། ཡར་རྒྱས། ནུས་པ་རྒྱ་བསྐྱེད་སོགས་ཀྱི་ཐོག་འབད་བརྩོན་ཡིད་ཆེས་གནང་མཁན་གྱི་ཚོགས་སྡེ་ཆེན་པོ་ཞིག་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།