སངས་རྒྱས་ཀྱི་ཆོས་རིག་པ་དང་རྒྱུ་མཚན་ལ་བརྟེན་ནས་དམ་འཛིན་གནང་དགོས། ༧གོང་ས་མཆོག་གིས།

2021-03-05
Share
སངས་རྒྱས་ཀྱི་ཆོས་རིག་པ་དང་རྒྱུ་མཚན་ལ་བརྟེན་ནས་དམ་འཛིན་གནང་དགོས། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་ཆེན་ཐོག་བཀའ་སློབ་བསྩལ་སྐབས། ༠༣/༠༥/༢༡
OHHDL

སངས་རྒྱས་ཀྱི་ཆོས་ལ་ལུང་ཙམ་གྱི་སྐྱབས་སུ་སོང་བ་མིན་པར་ཚད་མ་རིག་པའི་སྒོ་ནས་ངེས་ཤེས་འདྲེན་ཐུབ་པ་དགོས་པ་སྤྱི་ནོར་༧གོང་ས་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་བཀའ་སྩལ་ཡོད་པ་རེད།
ལམ་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐད་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཤིག་ཕྱི་ཟླ་ ༣ ཚེས་ ༥ ཉིན་དབུ་འཛུགས་གནང་ཞིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་ཐོག་ཚོགས་འདུའི་དབུ་འབྱེད་སྐབས། སངས་རྒྱས་ཀྱི་གསུང་པཱ་ལི་དང་ལེགས་སྦྱར་གྱི་སྐད་སོ་སོའི་ནང་ཞུགས་པ་ཁག་རྗེས་སུ་མཇུག་མཁན་གཉིས་ཀ་ནང་པ་ཡིན་པ་གཅིག་པ་ཡིན་པར་མ་ཟད། པཱ་ལིའི་རྗེང་འབྲང་པ་རྣམ་པས་དམ་ཆོས་འདུལ་བ་གཙོ་བཟུང་གནང་པ་ལྟར། ལེགས་སྦྱར་ཆོས་བརྒྱུད་རྗེས་འབྲངས་ནང་པ་ཚོས་ཀྱང་དེ་མཚུངས་ཞུ་བཞིན་ཡོད་པ་བཀའ་གནང་ཞིང་། སངས་རྒྱས་གཅིག་གི་གསུང་གི་རྗེས་མཇུག་པ་ཚོ་ནང་ཁུལ་མཐུན་ལམ་གཟབ་པོ་གནང་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་ཚན་རིག་ཡར་རྒྱས་ཧ་ཅང་ཆེན་པོ་འགྲོ་བཞིན་པའི་འཛམ་གླིང་ནང་ལུང་ཙམ་གྱིས་སྐྱབས་སུ་འགྲོ་བས་མི་འདེང་པར་སངས་རྒྱས་ཀྱི་གསུང་པའི་བཀའ་དེ་དག་ལ་རིག་པའི་རྒྱབ་རྟེན་ཡོད་པའི་ཐོག་ནས་ཚད་ཐུབ་ངེས་ཤེས་འདྲེན་དགོས་གལ་ཆེ་བ་ཡིན་པ་གསུངས་ཡོད་པ་རེད། དེར་བརྟེན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་པཱ་ལི་ཆོས་བརྒྱུད་རྗེས་འབྲངས་པ་ནང་པ་ཚོས་ཀྱང་ནང་པའི་ཚད་མ་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་གསུང་བཤད་གནང་མཁན་རྒྱ་གར་གྱི་ནང་པའི་མཉམ་མཐུན་ཚོགས་པའི་དྲུང་ཆེ་དགེ་སློབ་དྷ་མ་པི་ཡ་ལགས་ཀྱིས། སངས་རྒྱས་ཀྱི་ཆོས་ལུགས་ནི་ཚན་རིག་དང་མཐུན་པ་ཡིན་པ་གསུངས་ཤིང་། ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐོག་མར་གཞི་དངོས་པོའི་གནས་ལུགས་གཏན་ལ་ཕབ་པ་དང་། དངོས་པོའི་གནས་ལུགས་ཇི་བཞིན་ཤེས་ནས་ཉམས་ལེན་བྱེད་དགོས་པ་གསུངས་པ་ནི་ཚན་རིག་དང་མཐུན་པ་ཡིན་པ་གསུངས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་པའི་ལྟ་གྲུབ་ནང་ཕན་ཚུན་མི་མཐུན་པ་ཡོད་པ་དང་སྡེ་པ་མི་འདྲ་བ་ཡོད་ན་ཡང་། འདུལ་བ་གཙོ་བོ་བྱེད་པའི་བསླབ་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། བསླབ་པ་ཏིང་ངེ་འཛིན་གྱི་བསླབ་པ་ཁག་ནི་ཧ་ལམ་གཅིག་མཚུངས་ཡིན་པ་བཀའ་གནང་ཞིང་། བསླབ་པ་བསམ་གཏན་གྱི་ཞི་ལྷག་གི་སྐབས་དང་ལྷག་པར་དུ་ལྷག་མཐོང་གི་སྐབས་ཁྱད་པ་ཡོང་གི་ཡོད་པ་བཀའ་གནང་ཡོད་པ་རེད། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་འདི་ལྟ་བུའི་སྐབས་བགྲོ་གླེང་གནང་སྐབས་རང་ཉིད་ཀྱི་གྲུབ་མཐའ་མཐར་འཛིན་གནང་པ་ལྟ་བུ་མ་ཡིན་པར། གྲུབ་མཐའ་ནང་ཕན་ཚུན་དབར་གྱི་ལྟ་གྲུབ་མི་འདྲ་བ་དེ་དག་ལ་རིག་པ་དང་རྒྱུ་མཚན་ལ་བརྟེན་ནས་དཔྱད་བསྡུར་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཚན་རིག་པ་ཚོས་ནང་ཆོས་ལ་སློབ་སྦྱོང་བྱེད་ཚུལ་ནི་དད་པ་དང་སྐྱབས་སུ་སོང་བའི་ཐོག་ནས་མིན་པར། ཕན་ཐོག་ཡོད་པའི་ཤེས་ཡོན་གྱི་གནས་བབས་ཞིག་ལ་ངོས་འཛིན་གྱིས་ཐོག་ནས་བྱེད་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྙིང་པོ་བྱམས་བརྩེ་དང་གཞན་ཕན་ཡིན་པ་དེ་ཆོས་ལུགས་རྗེས་སུ་མི་འཇུག་མཁན་གྱི་སློབ་ཕྲུག་ཚོར་ལ་སློབ་ཁྲིད་ཐུབ་པ་དང་འོས་པ་ཡིན་པ་བཀའ་གནང་ཡོད་པ་རེད།
ཉིན་གཉིས་ཀྱི་རིང་དྲ་ལམ་བརྒྱུད་ཚོགས་བཞིན་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་བགྲོ་གླེང་ཚོགས་ཆེན་ཐོག ནང་པའི་རྒྱལ་ཁབ་༡༤ནས་ཆོས་ལུགས་དབུ་ཁྲིད་དང་། ཉམས་ལེན་པ། མཁས་དབང་སོགས་མཉམ་ཞུགས་གནང་ནས། ཆོས་ལུགས་ཀྱི་དབུ་ཁྲིད་དང་མཁས་དབང་སོགས་༣༨ཙམ་གྱིས་བགྲོ་གླེང་གསུང་བཤད་གནང་གི་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།