སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ལ་བཀའ་སློབ་སྩལ་རྒྱུ་སོགས་ཟླ་བ་འདིའི་མཛད་འཆར་ཁག་ཅིག་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་༧གོང་ས་མཆོག་གི་མཛད་འཆར་གསལ་བསྒྲགས་གནང་པ་གཞིར་བཟུང་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༡༡་ཉིན། ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དྲ་ལམ་ཐད་གཏོང་བརྒྱུད་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་བཀའ་ཆོས་དང་། དེའི་རྗེས་དྲི་བར་བཀའ་ལན་སྩལ་རྒྱུ་ཡིན་འདུག
དེ་ནས་ཚེས་༡༨་ཉིན་ཀོ་རི་ཡའི་བོད་དགོན་བསླབ་གསུམ་བཤད་སྒྲུབ་གླིང་ནས་སྙན་སེང་ཞུས་དོན་ལྟར། བྱམས་བརྩེ་དང་འཚེ་མེ་ཞི་བ་ཞེས་པའི་བརྗོད་གཞིའི་སྐོར་བཀའ་སློབ་སྩལ་གནང་རྒྱུ།
ཡང་ཚེས་༢༨་ཉིན་འཇར་མན་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་ཞུས་པ་ལྟར། བོད་ཀྱི་རིག་གཞུང་གིས་འཛམ་གླིང་ཞི་བདེ་ལ་ཞབས་འདེགས་ཀྱི་ནུས་པའི་སྐོར་ལ་བཀའ་སློབ་སྩལ་རྒྱུ་བཅས་ཟླ་བ་འདིའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་དང་བཀའ་སློབ་སྩོལ་གནང་མཛད་རྒྱུ་ཡིན་འདུག
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡོངས་ཁྱབ་དྲ་ཐོག་གི་མཛད་འཆར་ཁག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ངོ་དེབ་དྲ་ངོས་དང་ཡུ་ཊུབ་སོགས་ཀྱི་ཐོག་སྐད་ཡིག་འདྲ་མིན་གྱི་ནང་ཐད་གཏོང་ཞུ་གི་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།