ཨིན་ཌོ་ནེ་ཤེ་ཡའི་ནང་ཡོད་པའི་ནང་པའི་སློབ་ཕྲུག་ཚོར་ཡུལ་དེའི་ནང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་རྒྱུར་དམིགས་བསལ་གོ་སྐབས་ཤིག་ཡོད་པ་དེ་ལག་བསྟར་ཐུབ་ཐབས་དགོས་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
ཨིན་ཌོ་ནེ་ཤེ་ཡའི་ནང་གི་བཀའ་གདམས་ཆོས་གླིང་ཚོགས་པས་གོ་སྒྲིག་འོག ཡུལ་དེའི་ནང་པའི་གཞོན་སྐྱེས་དང་སློབ་ཕྲུག་ཚོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་སྤྱི་ཟླ་༨་པའི་ཚེས་༡༡་ཉིན་དྲ་ལམ་ཐོག་བཀའ་སློབ་དང་བགྲོ་གླེང་ལས་རིམ་གནང་ཡོད་པ་དང་། ཨིན་ཌོ་ནེ་ཤེ་ཡའི་ནང་པའི་སློབ་ཕྲུག་དེ་དག་ལ་རྒྱུན་དུ་སངས་རྒྱས་ཀྱི་འཁྲུངས་རབ་སློབ་ཁྲིད་བྱེད་བཞིན་འདུག་ཅིང་། ཁོང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ད་ལྟའི་ནད་ཡམས་ཀྱི་དུས་འདིར་རང་ངོས་ནས་སངས་རྒྱས་ཀྱི་འཁྲུངས་རབ་ཀྱི་ནང་གསལ་པའི་གཞན་ཕན་ཆེད་རང་ཉིད་བློས་གཏོང་ཇི་ལྟར་བྱེད་མིན་དང་། གཞན་གྱིས་ཇི་ཟེར་ལ་བརྟེན་ནས་རང་ཉིད་ཀྱི་བཅོས་མིན་ངོ་བོ་མི་བརླག་པ་བྱེད་ཚུལ། འཛམ་གླིང་ནང་གི་ནང་པའི་ལྷ་ཁང་ཆེ་ཤོས་སྦོ་རོ་སྦོ་རྡུར་(Borobudur)་བདག་ཉར་བྱེད་ཕྱོགས་སོགས་བཀའ་འདྲི་དགོངས་སྐོར་མང་དག་ཞིག་ཞུས་པར། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ལན་སྩལ་སྐབས། སངས་རྒྱས་ཀྱི་འཁྲུངས་རབ་ནང་གསལ་བའི་གཞན་དོན་ཆེད་རང་སྲོག་བློས་གཏོང་བྱེད་པའི་གནད་དོན་འདི་ནི། ཧ་ཅང་གནད་འགག་ཆེ་བ་ཞིག་ཡིན་པ་དཔེར་ན། གཞན་སེམས་ཅན་མང་པོའི་བདེ་སྐྱིད་ཀྱི་དོན་དུ་རང་ཉིད་མི་གཅིག་བློས་གཏོང་གྱི་གནས་བབས་འབྱུང་སྲིད་ཀྱང་། དེ་ནི་གཙོ་བོ་གཞན་ཕན་གྱི་ལྷག་བསམ་དང་སྙིང་རྗེ། ཤེས་རབ་བཅས་ཀྱི་རྒྱབ་གཉེར་ལྡན་པ་ཞིག་ངེས་པར་དགོས་པ་ལས། ཁོང་ཁྲོ་དང་གནོད་པའི་བློའི་ཐོག་ནས་རང་སྲོག་བློས་གཏོང་བྱས་ན་རྩ་བ་ནས་མི་འགྲིག་པ་ཡིན་པ་བཀའ་གནང་ཡོད་པ་རེད།
ཡང་སེམས་ཞུམ་པའི་གནས་སྐབས་སུ་རེ་བ་མ་བརླག་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཚེའི་ནང་ཕ་ཡུལ་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་ཆེད་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་དང་། དེ་མིན་སྐུ་ངལ་དུ་མ་ཞིག་ལ་གདོང་ལེན་གནང་དགོས་བྱུང་ཡང་ཐུགས་རེ་ནམ་ཡང་དོར་གནང་མེད་པ་སོགས་དཔེ་མཚོན་དུ་བཀོད་གནང་མཛད་དེ་བཀའ་ལན་ཕེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སེམས་ཀྱི་ཞུམ་པ་ལྡོག་ཐབས་བཟང་ཤོས་ནི། རེ་བ་མ་བརླག་པ་བྱེད་རྒྱུ་དེ་ཡིན་པ་བཀའ་གནང་སྐབས། ང་ཚོ་བོད་མི་རྣམས་སྤྱི་ཡོངས་ཀྱི་ཆ་ནས་ཧ་ཅང་བློ་སྟོབས་ཅན་གྱི་མི་རིགས་ཤིག་ཡིན་པ་དང་། དཀའ་སྡུག་ཅི་འདྲ་འཕྲད་ཀྱང་ང་ཚོས་རྟག་པར་ནང་སེམས་ཀྱི་རེ་བའི་སྟོབས་ཤུགས་ཉར་གྱི་ཡོད་ཅིང་། ངོས་རང་ལ་མཚོན་ནའང་དཀའ་ངལ་ཅི་ཡོད་ལ་མ་ལྟོས་པར་རྟག་ཏུ་བོད་མིའི་ཆོད་སེམས་དང་རེ་བའི་འདུན་པ་བཅས། འཚེ་བ་མེད་པའི་ལམ་ནས་སེམས་ལ་ཉར་གྱི་ཡོད་པས། ད་ལྟ་མི་མང་པོས་བོད་མིའི་བྱམས་བརྩེའི་རང་བཞིན་གྱི་སྙིང་སྟོབས་ནི་ཧ་ཅང་བརྟན་པོ་འགྱུར་བ་མེད་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པར་བརྟེན། ང་ཚོ་བོད་པ་ལ་མི་མང་པོ་དང་རྒྱ་རིགས་མང་པོས་ཀྱང་གདུང་སེམས་མཉམ་བསྐྱེད་ཡོང་བཞིན་པ་བཀའ་གནང་ཡོད་པ་རེད།
ཨིན་ཌེ་ནེ་ཤེ་ཡ་ནི་ལོ་རྒྱུས་ཀྱི་ཐོག་ནས་ནང་ཆོས་ཤུགས་ཆེ་དར་སའི་ཡུལ་གྲུ་ཞིག་ཡིན་པར་མ་ཟད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་མཆོག་གི་བླ་མ་སེར་གླིང་པ་ཡང་ཨིན་ཌོ་ནེ་ཤེ་ཡ་ནས་ཡིན་ལ། ཇོ་བོ་རྗེ་བོད་དུ་མ་ཕེབས་གོང་བླ་མ་སེར་གླིང་པ་མཇལ་བར་རྒྱ་གར་ནས་ཨིན་ཌོ་ནེ་ཤེ་ཡར་དངོས་སུ་ཕེབས་པའི་ལོ་རྒྱུས་ཀྱང་ཡོད་པ་རེད། འོན་ཀྱང་དེང་སྐབས་ཀྱི་ཨིན་ཌོ་ནེ་ཤེ་ཡ་ནི་འཛམ་གླིང་ནང་གི་མི་འབོར་མང་ཤོས་ཨང་བཞི་པ་དང་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འབྲངས་པ་མང་ཤོས་ཡོད་མཁན་གྱི་ཡུལ་གྲུ་དེ་ཆགས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤེ་ཡའི་ནང་པ་ཚོ་དང་། ལྷག་པར་ནང་པའི་གཞོན་སྐྱེས་ཚོར་ཡུལ་དེའི་ནང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་བའི་ལས་དོན་སྤེལ་རྒྱུར་དམིགས་བསལ་གོ་སྐབས་བཟང་པོ་ཞིག་ཡོད་པ་བཀའ་གནང་ཞིང་། དེ་ཡང་གཙོ་བོ་ནང་པ་ཚོས་ཁ་ཆེའི་མཆེད་གྲོགས་ཚོར་ཆོས་ལུགས་ཆེ་ཁག་ཚང་མས་བྱམས་པ་དང་བརྩེ་བ། བཟོད་པ་དང་ཚུལ་ཁྲིམས་ཀྱི་ཉམས་ལེན་གོང་མཐོར་གཏོང་རྒྱུའི་རྩ་བའི་བསླབ་བྱ་གཅིག་མཚུངས་ཡིན་པ་དེ་འགྲེལ་བཤད་བྱེད་པའི་ཐོག་ནས་འབྲེལ་ལམ་གོང་མཐོར་གཏོང་ཐབས་བྱེད་དགོས་པ་དང་། དེ་ཡང་ཆོས་ཁས་ལེན་མིན་ཇི་ལྟར་ཡང་གཙོ་བོ་འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་གོང་མཐོར་གཏོང་ཐབས་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༨༢་ལོའི་ཕྱི་ཟླ་༨་ཚེས་༡་ནས་༧་བར་ཨིན་ཌོ་ནེ་ཤེ་ཡར་ཆིབས་བསྒྱུར་ཞབས་སོར་འཁོད་གནང་མཛད་པ་དང་། སྐབས་དེར་འཛམ་གླིང་ནང་གི་ནང་པའི་ལྷ་ཁང་ཆེ་ཤོས་སུ་གྲགས་པ་(Borobudur)་རུ་ཡང་གནས་གཟིགས་སུ་ཆིབས་བསྒྱུར་བསྐྱངས་གནང་མཛད་ཡོད་པ་རེད། ཕྱི་ཚེས་༡༡་ཉིན་གྱི་དྲ་ལམ་གྱི་མཛད་རིམ་དེའི་སྐབས་ཨིན་ཌོ་ནེ་ཤེ་ཡའི་སློབ་ཕྲུག་ཞིག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། སྦོ་རོ་སྦོ་རྡུར་ནང་པའི་ལྷ་ཁང་དེ་བདག་གཅེས་བྱེད་ཕྱོགས་སྐོར་བཀའ་སློབ་ལམ་སྟོན་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷ་ཁང་ངོ་མ་ནི་སོ་སོའི་སེམས་ནང་གི་བྱམས་པ་དང་སྙིང་རྗེའི་རང་བཞིན་དེ་དག་ཡིན་སྟབས། དེ་དག་གོང་འཕེལ་དང་བདག་གཅེས་བྱ་རྒྱུ་ནི་ལྷ་ཁང་ངོ་མ་སྲུང་སྐྱོབ་བདག་གཅེས་བྱས་པ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་མཆོག་གི་བཀའ་སློབ་ལས་རིམ་གཙོ་སྐྱོང་མཁན་རྩོམ་པ་མོ་དང་གླུ་མ་(Dewi Lestari)་ལགས་ནས། ཁོང་ཚོས་དེང་སང་ལོ་འཁོར་རེ་ལ་ཆོས་ཀྱི་དུས་སྟོན་རེ་གནང་བཞིན་པ་ལས་ལོ་འདིར་སྤེལ་བ་འདི་ཐེངས་མ་གསུམ་པ་ཡིན་པ་སྙན་སེང་ཞུས་ཤིང་། སློབ་ཕྲུག་ཚོར་སངས་རྒྱས་ཀྱི་སྐྱེས་རབས་སོ་བཞི་པ་ངོ་སྤྲོད་ཀྱི་ལམ་ནས་སློབ་ཕྲུག་དེ་དག་གི་རྒྱུད་ལ་བྱམས་བརྩེའི་རིན་ཐང་དང་ཀུན་སྤྱོད་བཟང་པོ་སྤེལ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་གསུངས་ཡོད་པ་རེད།
གསར་འགོད་པ། སྐལ་ལྡན་བློ་གྲོས། བློ་བྷེ།
རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།