ཕ་མེས་ཀྱི་ཆོས་དང་རིག་གཞུང་སླར་གསོ་བདག་གཅེས་བྱས་ན་རྒྱུ་མཚན་ལྡན་པ་ཡིན། ༧གོང་ས་མཆོག་གིས།

2021-11-05
Share
ཕ་མེས་ཀྱི་ཆོས་དང་རིག་གཞུང་སླར་གསོ་བདག་གཅེས་བྱས་ན་རྒྱུ་མཚན་ལྡན་པ་ཡིན། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་ཆོས་སྩལ་གནང་བཞིན་པ། ༡༡།༠༥།༢༡
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་བཞུགས་སྒར་ཕོ་བྲང་ནས་དྲ་ལམ་བརྒྱུད། ཨུ་རུ་སུའི་ཆོས་ཞུ་བ་ཚོར་མདོ་སྡེ་བརྒྱན་གྱི་བཀའ་ཆོས་ཉིན་གཉིས་པ་སྤྱི་ཟླ་༡༡་པའི་ཚེས་༥་ཉིན། བདེན་བཞི་མི་རྟག་སོགས་བཅུ་དྲུག་དང་འབྲེལ་ཏེ་ནང་ཆོས་ངོ་སྤྲོད་གནང་བ་དང་ཆབས་ཅིག ཆོས་ཀྱི་ཉམས་ལེན་དང་འབྲེལ་བའི་དྲི་བ་དྲིས་ལན་ཁག་གྲུབ་པ་དང་བསྟུན། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ནང་གི་བོད་སྐྱོབས་ཐེབས་རྩའི་འགན་འཛིན་གཞོན་པ་ལྕམ་(Natasha Inozemtseva)་ལགས་ཀྱིས། ཏོག་དབྱིབས་ནད་ཡམས་མཇུག་སྒྲིལ་རྗེས་ཀྱི་གནས་སྟངས་དང་ཨུ་རུ་སུས་མིའི་རིགས་སྤྱིའི་དོན་དུ་འགན་ཁུར་གྱི་སྐོར་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་ས་བབས་ཀྱི་ཆ་ནས་ཨུ་རུ་སུ་དེ་ཧ་ཅང་གལ་གནད་ཆགས་ཀྱི་ཡོད་པ་དང་། ལོ་རྒྱུས་ཀྱི་ཐོག་ནས་ཨུ་རུ་སུའི་ས་གནས་མང་པོ་ནང་པ་ཡིན་ཁར། ནང་ཆོས་ཉམས་ལེན་པ་དང་ལྷག་པར་མཁས་དབང་མང་པོ་ཐོན་མྱོང་བར་བརྟེན། དེང་སང་གཞི་ནས་དོ་སྣང་གསར་པ་ཞིག་སླེབས་ཡོང་བཞིན་པ་དང་། གལ་ཆེ་ཤོས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་དང་། ཨ་རུ་སུའི་ས་ཁུལ་མང་པོར་སངས་རྒྱས་པའི་ཆོས་ནི་སོ་སོའི་ཕ་མེས་ཀྱི་ཆོས་དང་རིག་གཞུང་ཆགས་ཡོད་སྟབས། དེ་སླར་གསོ་བདག་པོ་རྒྱག་རྒྱུ་ནི་རྒྱུ་མཚན་ལྡན་པ་རེད་ཅེས་བཀའ་གནང་ཡོད་པ་རེད།
གཞན་ཡང་ཁོར་ཡུག་སྲུང་སྐྱོབ་དང་བྱང་སེམས་ཀྱི་སྤྱོད་པ་ཧ་ཅང་ཐག་ཉེ་ཡིན་པར་འདོད་མཁན་ཡོད་པའི་ཐད་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་ནས། ལེགས་སྦྱར་གྱི་ཆོས་རྒྱུད་ཀྱིས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་དང་། སྲིད་གསུམ་སེམས་ཅན་ཐམས་ཅད་རྩ་བའི་དམིགས་འོག་ཏུ་བཅུག་དགོས་པ་རེད་དེ། ཁ་ཡོད་ལག་ཡོད་འཛམ་གླིང་འདིའི་སེམས་ཅན་ལ་བསམ་བློ་གཏོང་དགོས་པ་དང་། ཁོར་ཡུག་གི་གནས་ཚུལ་དེ་འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུའི་བདེ་སྡུག་ལ་འབྲེལ་བ་ཡོད་པས། ཁོར་ཡུག་གི་སྐོར་ལ་སེམས་ཁུར་བླངས་དགོས་པ་ཆགས་ཡོད་ཅིང་། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་བསྡད་པ་ཞིག་གིས་ཁོར་ཡུག་ལ་རང་བཞིན་གྱིས་སེམས་ཁུར་སླེབས་རྒྱུ་རེད་ཅེས་བཀའ་གནང་སོང་།
ཡང་ཨུ་རུ་སུའི་དཔལ་སྤྲུལ་རིན་པོ་ཆེ་ཆོས་ཚོགས་ཀྱི་(Piotr Dubynin)་ལགས་ནས། ནད་ཡམས་ཀྱི་རྐྱེན་པས་ཆོས་གྲོགས་མང་པོ་མཉམ་འཛོམས་ཀྱིས་ཁ་འདོན་དགེ་སྦྱོར་སོགས་ཡོང་གི་མེད་པར་བརྟེན། ཆོས་མ་བརླག་པའི་ཐབས་ཤེས་ཡོང་ཐབས་ཀྱི་བཀའ་འདྲི་ཞུས་པར། སོ་སོ་གཅིག་པུས་ནང་དུ་དཔེ་ཆ་ཀློག་པ་དང་དགེ་བའི་བཤེས་གཉེན་གླེགས་བམ་དུ་བརྩིས་ན་ཡག་པོ་ཡོད་པ་བཀའ་གནང་ཡོད་པ་རེད།
མཐའ་དོན་༧གོང་ས་མཆོག་གིས་ཐམས་ཅད་རྣལ་འབྱོར་གྱི་སེམས་བསྐྱེད་གནང་སྟེ་གསུང་ཆོས་མཇུག་བསྡོམས་གནང་རྗེས། རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་ལགས་ནས་༧གོང་ས་མཆོག་ལ་བཀའ་དྲིན་ཞུས་པ་དང་འབྲེལ། ནད་ཡམས་ཁྱབ་འཕེལ་གྱི་སྐབས་འདིར་ཨུ་རུ་སུའི་ནང་པ་ཚོས། སྒྲོལ་མའི་གཟུངས་སྔགས་གང་ཐུབ་བགྲང་བཞིན་པ་དང་། མི་མང་པོ་འདས་གྲོངས་ཕྱིན་པ་ཚོར་༧གོང་ས་མཆོག་གིས་ཐུགས་སྨོན་གནང་རོགས་ཀྱི་སྐྱབས་འཇུག་ཞུས་པ་དང་ཆབས་ཅིག ༧གོང་ས་མཆོག་སྐུ་ཁམས་གསལ་དྭང་དང་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་ལམ་བཏབ་ཡོད་པ་རེད།
ད་རེས་གསུང་ཆོས་གོ་སྒྲིག་གནང་མཁན་ནི་རྒྱལ་ས་མོ་སི་ཁོ་ནང་གི་བོད་སྐྱོབ་ཐེབས་རྩ་དང་། བྷཀ་ཤ་གྲྭ་ཚང་། ཁལ་མུག་གི་ཤཀྱཱ་ཐུབ་པའི་གསེར་གྱི་ཕོ་བྲང་། ཐོ་ཝ་ནང་ཆོས་འཛིན་སྐྱོང་ལྷན་ཁང་། རུ་སོག་དོན་གཅོད་ཁང་བཅས་མཉམ་རུབ་ཀྱི་ཐོག་ནས་ཡིན་པ་རེད།

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།