གསེར་རྟ་རྫོང་ཐོག་ནས་དགེ་འདུན་པ་ཆོས་ཀྱིས་འཇུ་བཟུང་བྱས་བ།

2015-07-27
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་འཇུ་བཟུང་བྱས་བའི་དགེ་འདུན་པ་ཆོས་ཀྱིས་དང་འཇུ་བཟུང་རྗེས་གློད་པའི་སྐྱིད་འཛོམས་དང་མོའི་བུ་གྲགས་པ།
རྒྱ་ནག་གིས་འཇུ་བཟུང་བྱས་བའི་དགེ་འདུན་པ་ཆོས་ཀྱིས་དང་འཇུ་བཟུང་རྗེས་གློད་པའི་སྐྱིད་འཛོམས་དང་མོའི་བུ་གྲགས་པ།
བོད་འབྱོར།

དགེ་འདུན་པ་ཆོས་ཀྱིས་འཇུ་བཟུང་རྗེས་ཁོང་གི་ཕ་མ་གཅིག་པའི་གཅེན་མོ་སྐྱིད་འཛོམས་དང་མོའི་བུ་གྲགས་པ་གཉིས་ཀྱང་འཛིན་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཉེ་བའི་སྤྱི་ཟླ་༦པའི་ཚེས་༡༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥/༣༠ཙམ་ལ་དཔལ་ཤུལ་གསེར་རྟ་རྫོང་ཐོག་ནས་གྲྭ་ཆོས་ཀྱིས་ཟེར་བ་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པ་དང་། གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། གྲྭ་ཆོས་ཀྱིས་ལགས་འཛིན་བཟུང་སྐབས་ཁོང་གི་ཨ་ཕ་ཡང་མཉམ་དུ་ཡོད་པ་དང་། དེའི་རྗེས་ཉེན་རྟོག་པ་བཅུ་ཕྲག་ཁ་ཤས་ཁོང་གི་ཁྱིམ་ལ་འབྱོར་ནས་ཁྱིམ་ནང་སྔོག་བཤེར་བྱས་སྐབས་༧སྐུའི་གྱ་སྟོན་བསུ་ཞེས་བའི་སྟོད་གོས་ཞིག་ཡོད་པ་ཉེན་རྟོག་པས་འཁྱེར་ཡོད་པ་ལས་དམིགས་བཤད་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད་འདུག དེ་ནས་ཞག་གཅིག་འགོར་བའི་ཕྱི་ཉིན་དེ་སྤྱི་ཟླ་༦ཚེས༢༠ཉིན་ཁོང་གི་ཕ་མ་གཅིག་པའི་གཅེན་མོ་སྐྱིད་འཛོམས་དང་། མོའི་བུ་གྲགས་པ་གཉིས་ཡང་ཉེན་རྟོག་པས་བཙན་ཁྲིད་བྱས་ནས་ཉིན་གྲངས་༡༥ཙམ་གྱི་རིང་ཚ་འདྲི་ནན་འདྲི་དང་གཅར་རྡུང་འདྲ་མིན་བྱས་མཐར་ད་ལྟ་གློད་བཀྲོལ་བཏང་ཡོད་ཚུལ་དང་། གནས་ཚུལ་ངོ་སྤྲོད་པས་མུ་མཐུད། དགེ་འདུན་པ་ཆོས་ཀྱིས་ལགས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ཟླ་གཅིག་ལྷག་ཙམ་འགོར་ནའང་ད་དུང་གར་ཡོད་གང་ཁྲིད་ཀྱི་གནས་ཚུལ་ཅི་ཡང་གོ་རྒྱུ་མི་འདུག་ཟེར།
དགེ་འདུན་པ་ཆོས་ཀྱིས་ཁོང་གི་ཕ་ཡུལ་ནི་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན། ཞོ་སང་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་ཞོ་སྐྱ་ཉོ་དང་། མ་མིང་ལ་ཚེ་རིང་སྐྱིད་ཟེར། དགུང་ལོ་༣༨ཡིན་འདུག ཁོང་ལ་མཆིན་པ་དང་། ཕོ་ཁ། མཚེར་བ་སོགས་ཀྱི་ན་ཚ་ཡོད་པར་བརྟེན་རྒྱ་སྨན་བོད་སྨན་གཉིས་རེ་མོས་བྱས་ནས་འཐུང་བཞིན་ཡོད་པ་དང་དེའི་རྐྱེན་ལྷག་པར་ནང་མི་སྤུན་མཆེད་ཚོས་སེམས་ཁྲལ་བྱེད་བཞིན་པ་རེད་འདུག ནང་མི་ཚོས་ཁོང་འཇུ་བཟུང་གི་རྒྱུ་རྐྱེན་སོགས་ད་དུང་ཤེས་ཀྱི་མེད་པ་རེད།
སྤྱིར་བཏང་ཉེ་ལམ་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྐབས་ནས་རྒྱ་ནག་གཞུང་གིས་གསེར་རྟ་ཕྱོགས་སུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་བཀག་འགོག་བྱས་ཡོད་འདུག

གསར་འགོད་པ་ཀླུ་འབུམ།

མཆན། (0)
Share
དྲ་གནས་ཆ་ཚང༌།