རྡ་ཤོད་ནས་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འཁྲིས་བར་གནམ་ཐག་འགྲུལ་ལམ་ལེགས་འགྲུབ་དབུ་འབྱེད་གནང་འདུག

2022-01-19
Share
རྡ་ཤོད་ནས་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འཁྲིས་བར་གནམ་ཐག་འགྲུལ་ལམ་ལེགས་འགྲུབ་དབུ་འབྱེད་གནང་འདུག རྡ་ཤོད་ནས་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འཁྲིས་བར་གནམ་ཐག་འགྲུལ་ལམ་ལེགས་འགྲུབ་ཀྱིས་དབུ་འབྱེད་སྐབས། ༠༡།༡༩།༢༠༢༢
RFA/Dhasa

འདི་ཚེས་༡༩་ཉིན་རྡ་རམ་སཱ་ལའི་རྡ་ཤོད་ཁྲོམ་གཞུང་ནས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་ཀྱི་གླ་བྱེད་རླངས་འཁོར་འབབ་ཚུགས་བར་རྒྱ་གར་གྱི་སྒོར་མོ་དུང་ཕྱུར་༢༠༠་ཙམ་འགྲོ་གྲོན་བཏང་བའི་གནམ་ཐག་འགྲུལ་ལམ་(Dharamshala Skyway)་ཞེས་པ་ལེགས་འགྲུབ་ཀྱིས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Jairam Thakur)་ལགས་ཀྱིས་དངོས་སུ་དབུ་འབྱེད་གནང་ཡོད་པ་རེད། སྤྱི་ཁྱབ་བློན་ཆེན་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ༧གོང་ས་ཏཱ་ལའི་བླ་མ་མཆོག་འདིར་བཞུགས་ཡོད་པ་དང་། ཁོང་ནི་རྒྱ་གར་དང་རྒྱལ་སྤྱིའི་ནང་ཆེས་གུས་བཀུར་ཞུ་ཡུལ་གྱི་རླབས་ཆེན་མི་སྣ་ཞིག་ཡིན་པ་མ་ཟད། ཁོང་གིས་མཛད་རྗེས་ལ་བརྟེན་ནས་རྡ་རམ་ས་ལ་ནི་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། བོད་པའི་རང་དབང་དང་སེམས་ཚོར་ལ་དུས་རྟག་ཏུ་རྒྱ་གར་གྱིས་བརྩི་བཀུར་ཞུ་ཡི་ཡོད་པ་གསུངས་བྱུང་།

Dharamshala Skyway (2).jpg
གནམ་ཐག་འགྲུལ་ལམ་འདི་ནི་ཕྱི་ལོ་༢༠༡༥་ལོར་ཧི་མ་ཅལ་མངའ་སྡེ་གཞུང་གིས་རྒྱ་གར་ཊཱ་ཊཱ་(Tata Group)་ཚོང་ལས་ཁང་དང་ལྷན་དུ་བཟོ་སྐྲུན་གྱི་གན་རྒྱ་བཞག་པ་དང་། བཟོ་སྐྲུན་གྱི་ལས་འཆར་དེ་ཕྱི་ལོ་༢༠༡༨་ལོར་དངོས་སུ་འགོ་བཙུགས་གནང་ནས། རྡ་ཤོད་དུ་ཡོད་པའི་ཐག་ལམ་འབབ་ཚུགས་དེའི་ཕྱི་ནང་གི་བཟོ་བཀོད་ཆ་ཚང་རྒྱ་གར་གྱི་ཁྱད་ཆོས་ལྡན་པ་དང་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་ཐག་ལམ་འབབ་ཚུགས་ཀྱི་བཟོ་བཀོད་ནི་བོད་ཀྱི་རྣམ་པ་ལྡན་པ་ཞིག་བཟོས་འདུག་ལ་ཁང་བཀོད་བཟོ་རིགས་ཆེད་ལས་པ་དེ་བོད་རིགས་བཀྲ་ཤིས་ཡིན་འདུག
དེ་སྔ་ཏོག་དབྱིབས་ནད་ཡམས་མེད་པའི་དུས་སྐབས་སུ་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ལོ་རེའི་ནང་། ལོ་ལྟར་ཕྱི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་འབུམ་གཉིས་དང་ཕྱེད་ཀ་ལྷག་ཡོང་གི་ཡོད་པ་དང་། ད་ཐེངས་གཙོ་བོ་ཡུལ་སྐོར་སྤྲོ་འཆམ་པར་དམིགས་པའི་གནམ་ཐག་འགྲུལ་ལམ་ཐོག་འགྲུལ་སྐྱོད་ཐེངས་རེའི་འཛིན་བྱང་མི་རེ་ལ་རྒྱ་གར་གྱི་ཤོག་སྒོར་༣༠༠་རེ་ཡིན་འདུག
རྡ་སར་གནས་སྡོད་གླ་གཏོང་རླངས་འཁོར་ཁ་ལོ་བ་ཚོས་གནམ་ཐག་འགྲུལ་ལམ་དེའི་རྐྱེན་པས་ཁོང་ཚོའི་ཚོང་ལས་ལ་ཤུགས་རྐྱེན་ཡོང་སྲིད་པའི་སེམས་འཚབ་བྱེད་ཀྱི་འདུག་ལ། ཁ་ལོ་བ་ཞིག་གིས། གནམ་ཐག་འགྲུལ་ལམ་དེས་ང་ཚོའི་ཚོང་ལས་ལ་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། ཡིན་ན་ཡང་བསམ་བློ་ཞིག་གཏོང་བའི་སྐབས་གནམ་ཐག་འགྲུལ་ལམ་དེའི་འཛིན་བྱང་མི་རེ་ལ་སྒོར་༣༠༠་རེ་ཡིན་སྟབས་ང་ཚོ་དང་གོང་ཚད་ཀྱི་ཆ་ནས་ཁྱད་པར་ཆེན་པོ་ཡོད་རེད། དཔེར་ན་ང་ཚོའི་གླ་འཁོར་ནང་ཧིན་སྒོར་༢༥༠་ལ་རྡ་ཤོད་ནས་མེག་ལོཌ་བར་མི་བཞི་འགྲུལ་བཞུད་གནང་གི་ཡོད་རེད། དེ་བས་སྐྱོན་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཞེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།