སྨན་བཅོས་དང་ནད་རིགས་སྔོན་འགོག་གི་ལས་དོན།
2017.01.01
༄༅༎བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་དུས་འཁོར་དབང་ཆེན་ཞུ་བར་བཅར་བའི་ཆོས་ཞུ་བའི་ཆེད་གནས་མཆོག་རྡོ་རྗེ་གདན་དུ་སྨན་སྒར་ཁག་བཞི་ཆེད་འཛུགས་ཀྱིས་སྨན་བཅོས་དང་ནད་རིགས་སྔོན་འགོག་གི་ལས་དོན་རྒྱ་ཆེ་སྤེལ་བཞིན་ཡིན་འདུག དེ་ཡང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་དང་དུས་འཁོར་དབང་ཆེན་ཐེངས་ ༣༤ གོ་སྒྲིག་ཚོགས་ཆུང་གི་ཚོགས་གཞོན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་ འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་དང་སྨན་པ། སྨན་ཞབས་ཁྱོན་མི་གྲངས་ ༦༠ ཙམ་ནས་ཆོས་ཞུ་བ་རྣམས་ཀྱི་ནད་ན་ཚ་སྔོན་འགོག་ཆེད་རྐང་འགན་འཁུར་ཞུ་བཞིན་ཡིན་པ་དང་ དེའི་ཁོངས་བོད་པའི་སྨན་པ་བདུན་དང་།འཕྲོད་བསྟེན་ཡན་ལག་སྨན་ཁང་ཁག་ནས་སྨན་ཞབས་ཁྱོན་བསྡོམས་སུམ་ཅུ། སྨན་སྤྲོད། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་བཅས་ཚུད་ཡོད་ལུགས་གསུངས་བཞག
དེ་བཞིན་འཕྲོད་བསྟེན་ལས་ཁུངས་ནས་ ནད་པ་འོར་འདྲེན་བྱེད་སའི་རླངས་འཁོར་དྲུག་གོ་སྒྲིག་ཞུས་ཡོད་པ་དང་། གཞན་ཡང་ཐེ་ཝན་ནས་དང་བླངས་སྨན་པ་ཁག་བཅུ་གཉིས་དང་། མངའ་རིས་སྤྱི་མཐུན་ནས་ནད་པ་འོར་འདྲེན་བྱེད་སའི་རླངས་འཁོར་གཉིས་དང་། དང་བླང་མི་བཅུ་གཉིས། དེ་བཞིན་བོད་ཀྱི་བདེ་རྩའི་Tibet Charity དང་ཕྱི་བཅོས་གསོ་ཐབས་ཀྱི་ཐོག་ཕྱག་ལས་གནང་མཁན་སྨན་པ་ཡང་ཡོད་ལུགས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུངས་བཞག
ཡང་མི་མང་གི་སྡོད་གུར་ཁག་ཏུ་ལས་བྱེད་དངོས་སུ་བཅར་ཏེ་ནད་པ་ཡོད་མེད་ལྟ་རྟོགས་དང་། ནད་རིགས་སྔོན་འགོག་དང་འབྲེལ་བའི་སློབ་སྟོན། ཡིག་ཆ་འགྲེམས་སྤེལ་སོགས་གནང་བ་བརྒྱུད་མང་ཚོགས་ལ་འཕྲོད་བསྟེན་གོ་རྟོགས་ཀྱི་ལས་འཆར་ཀྱང་སྤེལ་བཞིན་ཡིན་འདུག
གཞན་ཡང་འཕྲོད་བསྟེན་དང་འབྲེལ་བའི་ཁོར་ཡུག་གཙང་བཟོའི་ལས་གཞིའི་ཐོག་རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་དང་ཆོས་རིག་ལས་ཁུངས་ཀྱི་ལས་ཟུར་བློ་བཟང་ལགས་རྣམ་གཉིས་ཀྱི་འགན་ཁུར་གནང་ཐོག་གཞོན་སྐྱེས་མཐུན་ཚོགས་ཀྱི་ཚོགས་མི་ ༢༥༠ ཙམ་དང་ས་རཱ་མཐོ་སློབ་ཀྱི་སློབ་ཕྲུག་༣༠།དེ་བཞིན་ཝ་ར་ཎ་སིའི་་Banaras Hindu University ཞེས་པའི་ཧིན་རྡུའི་གཙུག་ལག་སློབ་གྲ་ཆེན་མོ་ནས་འཕྲོད་བསྟེན་ལས་དོན་དང་ཁོར་ཡུག་གཙང་བཟོའི་ལས་གཞིའི་ཆེད་དང་བླངས་སློབ་ཕྲུག་གྲངས་ ༨༠ སོགས་དང་བླངས་ཞབས་ཞུ་བ་ཡང་མང་པོ་ཞིག་ཡོད་ལུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་གསུངས་བཞག།
གསར་འགོད་པ་ཚེ་དབང་དངོས་གྲུབ།