བདེན་པའི་མེ་ལྕེ་གོ་ཝ་ཁུལ་དུ་འབྱོར་བཞག
2012.08.24
༄༅། །དེ་ཡང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་གོ་སྒྲིག་ཚོགས་ཆུང་གིས། ཕྱི་ཚེས་༢༣ ཉིན་རྒྱ་གར་ལྷོ་ཕྱོགས་Goa མངའ་སྡེའི་རྒྱལ་ས་Panajim དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ། སྤྱི་འཐུས་ཀརྨ་ཡེ་ཤིས་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་གྱི་དམིགས་ཡུལ་དང༌། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་སོགས་ངོ་སྤྲོད་གནང་བས་མ་ཟད། རྒྱལ་སྤྱིའི་དབུ་ཁྲིད་དང་མི་མང་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡང་གནང་ཡོད་པ་རེད། སྐབས་དེར་གསར་འགོད་པ་བཅུ་ལྷག་ཙམ་ཕེབས་པ་ཚོར་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་གྱི་ཡིག་ཆ་ཁག་འགྲེམས་སྤེལ་ཞུས་ཡོད་པ་རེད། བདེན་པའི་མེ་ལྕེ་དེ་ནི་རྒྱ་གར་ལྷོ་ཕྱོགས་Karnataka མངའ་སྡེའི་རྒྱལ་ས་Banglore ནས་འདི་རིང་ཕྱི་ཚེས་༢༤ ཉིན་གྱི་ཕྱི་དྲོ་Goa མངའ་སྡེའི་གྲོང་ཁྱེར་Vasco དུ་འབྱོར་བའི་མཛད་སྒོ་ཚོགས་ཏེ། ཕྱི་ཚེས་༢༥ ནས་Goa འི་རྒྱལ་ས་Panajim དུ་སྐོར་བསྐྱོད་ལས་འགུལ་འགོ་བཙུགས་རྒྱུ་དང་། བོད་དོན་ཚོགས་འདུ་སྐོང་ཚོགས་བྱ་རྒྱུ། ཕྱི་ཚེས་༢༦ ཉིན་Goa གྲོང་ཁྱེར་ཁག་ཅིག་ནང་སྐོར་བསྐྱོད་བྱ་རྒྱུ་དང་ས་ཁུལ་དེ་དག་ནང་གི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་ཞུ་རྒྱུ། ཕྱི་ཚེས་༢༧ ཉིན་ Goa ནས་འཐུས་མི་གཉིས་ཆེད་གཏོང་གིས། བདེན་པའི་མེ་ལྕེ་དེ་བཞིན་ Goa གྲོང་ཁྱེར་Vasco ནས་ཐོན་ཏེ། Goa དང་Karnataka མངའ་སྡེ་གཉིས་དབར་དུ་གནས་པའི་Karwar རྫོང་ས་གནས་སུ་བསྐྱལ་དེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་ཕེབས་པའི་སྐུ་ཚབ་ལ་རྩིས་འབུལ་ཞུ་རྒྱུ་ཡིན་པ་རེད།