མདོ་སྨད་བསང་ཆུ་རྫོང་དང་རེབ་གོང་ཕྱོགས་སུ་ཆུ་ལོག་རྒྱུག་ནས་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་འདུག

2022.08.22
Share on WhatsApp
Share on WhatsApp
མདོ་སྨད་བསང་ཆུ་རྫོང་དང་རེབ་གོང་ཕྱོགས་སུ་ཆུ་ལོག་རྒྱུག་ནས་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་འདུག ཆུ་ལོག་གི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་དང་ས་གནས་ཡུལ་མི་ཚོས་རོགས་རམ་བྱེད་བཞིན་པ། ༠༨།༢༢།༢༠༢༢
བོད་འབྱོར།/RFA

ཕྱི་ཟླ་༨་ཚེས་༢༡ཉིན་གྱི་དགོང་མོ་དྲག་ཆར་བབ་པའི་རྐྱེན་གྱིས་མདོ་སྨད་བླ་བྲང་བསང་ཆུ་རྫོང་དང་རེབ་གོང་ཕྱོགས་སུ་ཆུ་ལོག་རྒྱུག་ནས། བསང་ཆུ་རྫོང་གི་རྒྱོའུ་རྒྱ་གྲོང་ཚོ་གཙོས་གྲོང་ཚོ་བདུན་དང་ཡུལ་ཚོ་ཁ་ཤས་ལ་གནོད་འཚེ་ཕོག་པ་དང་། སྐབས་ཐོག་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་ཐོན་མེད་པ་བོད་ནང་གི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
དེའི་ཐད་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། ཆུ་ལོག་གིས་བླ་བྲང་དགོན་པའི་གྲྭ་ཚང་གི་གྲྭ་ཤག་ཁག་ཅིག་ལ་གནོད་འཚེ་ཐེབས་པ་དང་། ཡུལ་མིའི་སྡོད་ཁང་མང་པོའི་ནང་ཆུའི་ཁེངས་བ། ཁྱིམ་གྱི་ཅ་དངོས་དང་རླངས་འཁོར་ཆུས་ཁུར་བ། གཞུང་ལམ་དང་གྱང་མཁར་ཆུས་བསྣུབས་པ་སོགས་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད་པ་དང་། དྲག་ཆར་མཚམས་བཞག་མ་ཐག་བླ་བྲང་དགོན་པའི་དགེ་འདུན་པ་དང་ས་གནས་ཡུལ་མི་ཚོས་གནོད་ཐེབས་ས་ཁུལ་ལ་རོགས་རམ་བྱས་ཡོད་པ་དང་། ཆུ་ལོག་རྒྱུག་ས་གཙོ་བོ་བླ་བྲང་དགོན་པའི་རྒྱབ་རིའི་ངོས་དང་། ས་དཀར་སྡེ་བ་དང་། ཀླུ་ཐང་སྡེ་བ། དཔོན་ཚང་སྲང་ལམ། ཀུན་མཁྱེན་བླ་མའི་བཞུགས་གནས་ནོར་འཛིན་ཕོ་བྲང་དང་། སྔགས་པ་གྲྭ་ཚང་སོགས་པ་གསུང་བྱུང་།
WhatsApp Image 2022-08-22 at 2.31.26 PM.jpeg

དེའི་ཐད་རྒྱ་ནག་གི་གསར་ལམ་ཁག་ཅིག་ནང་། ཆུ་ལོག་གི་གནོད་འཚེའི་རྗེས་སུ་ཚེས་༢༢ཉིན་ནས་བསང་ཆུ་རྫོང་གིས་ལས་བྱེད་པ་དང་མང་ཚོགས་ཀྱི་སྒྲིག་འཛུགས་བྱས་ནས་བྱེ་འདམ་གཙང་བཟོ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་རམ་འགོ་བརྩམས་ཡོད་པ་བསྒྲགས་འདུག་མོད། མི་རྒྱུ་གཉིས་ལ་གོད་ཆགས་ག་ཚོད་ཐེབས་ཡོད་མེད་སོགས་ཁ་གསལ་མི་འདུག
གཞན་གོང་ཞུས་གནས་ཚུལ་ངོ་སྤྲོད་པས་བརྗོད་དོན་ལྟར་ན། ཐེངས་འདིར་རེབ་གོང་དང་རྨ་ལྷོ་ཕྱོགས་སུ་ཡང་དྲག་ཆར་བབས་ཏེ། རླངས་འཁོར་མང་པོའི་ཤེལ་སྒོ་བཅག་པ་དང་རས་གུར་སོགས་མང་པོ་གཙབ་རལ་བཏང་ཡོད་པ་མ་ཟད། དྲག་ཆར་རྗེས་ཆུ་ལོག་རྒྱུག་ནས་རེབ་གོང་ཕྱོགས་ཀྱི་ས་གནས་ཁ་ཤས་ལ་གནོད་འཚེ་ཐེབས་ཡོད་ཀྱང་མི་སྣ་ཤི་རྨས་དང་གོད་ཆགས་ག་ཚོད་བྱུང་ཡོད་མེད་ད་དུང་ཁ་གསལ་མི་འདུག་ཟེར།
བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ད་ཐེངས་ཀྱི་ཆུ་ལོག་སྐབས་ཀྱི་བརྙན་དང་པར་མང་པོ་ཞིག་མཐོང་རྒྱུ་ཡོད་པའི་ཁྲོད། གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་དང་ས་གནས་ཡུལ་མི་ཚོས་རོགས་རམ་བྱེད་བཞིན་པ་དང་། བོད་ནང་གི་ཆབ་སྲིད་བཙོན་ཟུར་པ་ཞིག་གིས་གནད་འགག་གི་སྐབས་སུ་ག་དུས་ཡིན་ན་མི་མང་རོགས་རམ་བྱེད་པ་ལས་སྲིད་གཞུང་དུས་ཐོག་རོགས་རམ་ཆེད་མི་འབྱོར་བར་སྐྱོན་བརྗོད་བྱས་ཡོད་པ་དང་། བརྙན་ཐུང་ཞིག་གི་ནང་བོད་མི་ཞིག་གིས་ཆུ་ལོག་རྒྱུག་ཡུལ་ནས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན་ཞེས་གསོལ་འདེབས་བྱེད་བཞིན་པ་ཐོས་རྒྱུ་འདུག
རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ལྟར་ན། ཉེ་སྔོན་ཕྱི་ཚེས་༡༨ཉིན་གསེར་ཁོང་རྫོང་ལ་ཆུ་ལོག་བྱུང་སྟེ་མི་༡༦ལྷག་རྐྱེན་འདས་སོང་བའི་གནས་ཚུལ་ཐོན་ཡོད་པ་བཞིན། ཕྱི་ཚེས་༢༢བར་མི་གྲངས་༢༦རྐྱེན་འདས་སོང་ཡོད་པ་དང་། ད་དུང་མི་༥བོར་བརླག་ཕྱིན་ཡོད་པ་གནས་ཚུལ་ནང་བཀོད་འདུག སྤྱིར་ཉེ་བའི་ཉིན་ཤས་ནང་བོད་ནང་ཆུ་ལོག་བྱུང་བ་དང་། ཕྱི་ཚེས་༡༥ཉིན་རྫ་སྟོད་རྫོང་དུ་ས་ཡོམ་ཚད་རིམ་༥.༩ཅན་ཞིག་བརྒྱབ་ཡོད་པའི་གནས་ཚུལ་འདུག་ལ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཟེར་བས། ཟི་ལིང་དང་མཚོ་ཤར། མཚོ་ནུབ། མཚོ་བྱང་། མཚོ་ལྷོ། རྨ་ལྷོ་བཅས་སུ། མ་འོངས་པའི་ཉིན་ལྔའི་ནང་། དྲག་ཆར་འབབ་རྒྱུའི་སྔོན་བརྡ་བཏང་ནས། ཆུ་ལོག་གི་ཉེན་ཁ་ཡོད་སྟབས་ཆུ་བྲུག་པ་དང་། ཆུ་ལོག རི་ཉིལ་བ། འདམ་རྡོའི་ཆུ་ལོག གྲོང་ཁྱེར་དང་གྲོང་གསེབ་ནང་ལ་ཆུ་ལོག་གི་གནོད་འཚེ་ཡོང་བར་དོགས་ཟོན་ནན་མོ་བྱ་དགོས་བ་བསྒྲགས་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྲིད་སྐྱོང་ནས་རྒྱ་ནག་གཞུང་གིས་དུས་རབས་དང་མ་མཐུན་པའི་སྲིད་བྱུས་བཟུང་སྟེ་མང་ཚོགས་ལ་དཀའ་ངལ་སྤྲོད་བཞིན་པར་བློ་འཚབ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་ནང་ངོ་རྒོལ་དང་འབྲེལ་བོད་ནང་གི་དྲ་ལམ་ཁག་ཏུ་ངོ་རྒོལ་སྐོར་གྱི་གནས་ཚུལ་ཐད་དམ་དྲགས་ཤུགས་ཆེར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎