༧གོང་ས་མཆོག་དབུས་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་རྣམ་པས་འགོག་ཁབ་སྦྱོར་སྤྲོད་འདྲ་མཉམ་ཡོང་བའི་འབོད་སྐུལ།

2021-06-10
Share
༧གོང་ས་མཆོག་དབུས་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་རྣམ་པས་འགོག་ཁབ་སྦྱོར་སྤྲོད་འདྲ་མཉམ་ཡོང་བའི་འབོད་སྐུལ། ཡར་ཐོན་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་རྣམ་པའི་ལྷན་ཚོགས་ཚོགས་ཡུལ་དུ་ཉེན་རྟོག་པས་སྐོར་སྲུང་། ༦།༡༠།༢༡
AFP

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་རྣམ་པས་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོར་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་མཐུན་རྐྱེན་སྦྱོར་སྤྲོད་ཐད་འདྲ་མཉམ་མེད་པའི་གནས་སྟངས་འདི་མཚམས་འཇོག་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་གྱི་བཀའ་ཡིག་གནང་ཡོད་པ་རེད།
དེ་ཡང་དབྱིན་ཡུལ་དུ་འཛམ་གླིང་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་༧་གྱི་ཆེས་མཐོའི་ལྷན་ཚོགས་གནང་རྒྱུའི་སྔ་ནུབ་ཏུ། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་གི་དབུ་ཁྲིད་རྣམ་པ་ཐུན་མོང་གིས་མཚན་ཐོག་ནས་དབྱིན་ཡུལ་གྱི་སྲིད་བློན་སྦོ་རིསི་འཇོན་སན་(Boris Johnson)་དང་། དེ་བཞིན་འཛམ་གླིང་གི་དཔལ་འབྱོར་ཡར་ཐོན་རྒྱལ་ཁབ་༧་གྱི་དབུ་ཁྲིད་ཚོར་ཕྱག་བྲིས་གནང་བའི་ནང་། སྟོབས་ཆེན་རྒྱལ་ཁབ་འདི་དག་ནས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་ཀྱི་ཚོང་དོན་བདག་དབང་གི་ཚད་འཛིན་ཕྱིར་བསྡུ་གནང་སྟེ། འཛམ་གླིང་ནང་གི་རྒྱལ་ཁབ་སྐྱོ་ཤོས་ཚོའི་ནང་དུ་ཡང་སྨན་ཁབ་གཅིག་གྱུར་གྱི་སྦྱོར་སྤྲོད་བྱེད་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས་པའི་སྐུལ་མ་གནང་འདུག དེ་ནི་ད་ཆ་ཏོག་དབྱིབས་རིམས་ནད་ཀྱི་རྣམ་པ་འགྱུར་བའི་ནད་ཡམས་འདི་རྒྱ་ཁྱབ་ཏུ་མི་འགྲོ་བར་ཕན་ཐོགས་རླབས་ཆེ་ཡོང་རྒྱུ་ཡིན་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་ཀྱི་ཕྱག་བྲིས་གནང་མཁན་ཁོངས་སུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། དབྱིན་ཡུལ་གྱི་ཀེན་ཊར་སྦུ་རི་ཡི་ཡི་ཤུའི་ཆོས་དཔོན་ཟུར་པ་(Rowan Williams)་ལགས། འཛམ་གླིང་གི་(Lutheran)་སྡེ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་(Martin Junge)་བཅས་ཀྱི་དབུས་ཆོས་ལུགས་ཀྱི་དབུ་ཁྲིད་མང་པོས་མཚན་རྟགས་བསྐྱོན་ཡོད་པ་རེད་ལ། བཀའ་ཡིག་དེའི་ནང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་ཡམས་འདི་ཞི་ཐབས་ཆེད་རྒྱལ་ཁབ་བརྒྱ་ལྷག་གི་ནང་དུ་ནད་ཡམས་འགོག་ཁབ་འགྲེམས་སྤེལ་སྦྱོར་སྤྲོད་གནང་བར་ལེགས་གསོལ་ཡང་གནང་ཡོད་ཀྱང་། སྨན་ཁབ་འགྲེམས་སྤེལ་བྱེད་ཕྱོགས་ཐད་རྒྱལ་ཁབ་དབུལ་ཕྱུག་བར་ཁྱད་པར་ཆེན་པོ་འབྱུང་བཞིན་པར་ཐུགས་ཚབས་ཡོད་པ་བཀའ་གནང་ཡོད་པ་རེད།
དཔལ་འབྱོར་ཡར་ཐོན་ཅན་གྱི་ཡུལ་གྲུ་ཚོའི་ནང་ཚོུད་སྐར་ཆ་རེ་རེའི་ནང་མི་གཅིག་ལ་ཏོག་དབྱིབས་འགོག་ཁབ་རྒྱབ་ཀྱི་ཡོད་ན་ཡང་། མི་ཐེར་འབུམ་བརྒལ་བའི་ཆེས་དབུལ་ཕོངས་ཀྱི་ཡུལ་གྲུ་མང་ཆེ་བའི་ནང་ད་བར་མི་དམངས་བྱིངས་ལ་འགོག་ཁབ་གཅིག་ཀྱང་རྒྱག་ཐུབ་ཀྱི་མེད་པ་རེད།
འཛམ་གླིང་གི་འབྱོར་ལྡན་ཡར་ཐོན་ཅན་གྱི་རྒྱལ་ཁབ་བདུན་གྱི་ཁོངས་སུ་ཨ་མི་རི་ཀ་དང་། ཧྥ་རན་སི། འཇར་མན། དབྱིན་ཇི། ཁེ་ན་ཌ། ཨེ་ཊ་ལེ། ཉི་ཧོང་བཅས་ཡོད་པ་དང་། ལྷན་ཚོགས་དེ་ད་ལོ་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཡིན་མིན་ལ་མ་བལྟོས་པར། དབྱིན་ཡུལ་དུ་འཚོགས་འཆར་ཡོད་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་། ཨོ་གླིང་། ལྷོ་ཀོ་རི་ཡ། ཡོ་རོབ་མཐུན་ཚོགས་བཅས་ཟུར་ཉན་དུ་ཞུགས་ཀྱི་ཡོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།