ཨ་རིས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་ཡུ་གུར་སྨན་པ་ཞིག་གློད་གྲོལ་གཏོང་དགོས་བའི་འབོད་སྐུལ་གནང་འདུག
དེ་ཡང་ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་༩ནང་རྒྱ་ནག་གཞུང་གིས་ལོ་ན་༦༢ལ་སོན་པའི་རྒན་ཡོལ་བྱས་ཟིན་པའི་ཡུ་གུར་བ་སྨན་པ་རྒན་གྲས་(Gulshan Abbas)་ཞུ་བ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་ནི་ཕལ་ཆེར་ཁོང་གི་གཅེན་མོས་མངོན་གསལ་དོད་པོའི་ངང་ཨ་མི་རི་ཀའི་ནང་ཡུ་གུར་མི་རིགས་ཀྱི་རང་དབང་ཆེད་ལས་འགུལ་སྤེལ་བར་འཁོན་ལན་སློག་ཆེད་རྒྱ་ནག་གིས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་པ་ཞིག་ཡིན་པ་བཤད་བཞིན་པ་རེད། ཁོང་གི་གཅུང་མོ་(Rushan Abbas)་ཞུ་བ་ཁོང་ནི་ཨ་རིའི་ནང་རྒྱལ་སྤྱིའི་ཡུ་གུར་ལས་འགུལ་ཁང་གསར་འཛུགས་གནང་མཁན་དང་ལས་འགུལ་ཁང་དེའི་སྤྱི་ཁྱབ་འགན་འཛིན་ཡང་ཡིན་པ་དང་། ཁོང་གི་གཅེན་པོ་(Rishat Abbas)་ནི་ཨ་རིའི་ནང་རྟེན་གཞི་བྱས་པའི་ཡུ་གུར་རྒྱལ་སྤྱིའི་ཤེས་ཡོན་བསྟི་གནས་ཁང་གི་ཚོགས་གཙོ་ཡིན་འདུག
ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༣ནང་རྒྱ་ནག་གཞུང་གིས་ཡུ་གུར་བ་སྨན་པ་རྒན་གྲས་(Gulshan Abbas)་ལགས་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་མི་ལོ་༢༠་ཡི་བཙོན་བཅུག་ཁྲིམས་ཐག་བཅད་ནས་ད་ལྟ་བཙོན་འཇུག་འོག་ཡོད་མུས་ཡིན་པ་དང་། ཁོང་གི་གཅུང་མོ་(Rushan)་ལགས་ཀྱིས་ང་ཚོས་འབད་བརྩོན་ཆེན་པོས་གཏམ་བཤད་དང་ལས་འགུལ་སོགས་ལྷོད་མེད་སྤེལ་ཀྱང་ད་བར་ངའི་གཅེན་མོ་(Gulshan Abbas)་ལགས་རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་ཐོབ་པར་ད་དུང་གྲུབ་འབྲས་ཐོན་མེད་ཀྱང་། རྒྱ་ནག་གཞུང་གིས་མི་རིགས་དམར་གསོད་དང་རྩ་མེད་གཏོང་བའི་སྲིད་ཇུས་དེ་འཛམ་གླིང་ཡོངས་ལ་ཐེར་འདོན་བྱ་རྒྱུར་ཕན་ཐོགས་བྱུང་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་འདུག
ཨ་མི་རི་ཀ་དང་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོ་བོར་གྱུར་པའི་ཁ་ཆེའི་གྲངས་ཉུང་མི་རིགས་གང་བྱུང་འཛིན་བཟུང་དང་། བཀག་ཉར་བྱས་པ། དེ་བཞིན་བཙོན་འཇུག་བྱས་པའི་ལམ་ནས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་མི་རིགས་རྩ་མེད་བཟོ་བཞིན་པ་རེད་ཅེས་གསལ་བསྒྲགས་གནང་ཡོད་པ་རེད། རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་(Ben Cardin)་ལགས་ཀྱིས་དབུ་ཁྲིད་པའི་ཆབ་སྲིད་ཚོགས་པ་གཉིས་ཀ་ལས་གྲུབ་པའི་གྲོས་ཚོགས་འཐུས་མི་༡༢ཡིས་(Gulshan Abbas)་ལགས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་སྤྱི་བསྒྲགས་ཤིག་སྤེལ་གནང་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།