རྒྱ་རིགས་འབྱོར་ལྡན་པ་ཀའོ་ཝུན་ཀུའེ་(Guo Wengui)་ཨ་རིས་འཛིན་བཟུང་བྱས་འདུག

2023.03.15
རྒྱ་རིགས་འབྱོར་ལྡན་པ་ཀའོ་ཝུན་ཀུའེ་(Guo Wengui)་ཨ་རིས་འཛིན་བཟུང་བྱས་འདུག རྒྱ་རིགས་འབྱོར་ལྡན་པ་ཀའོ་ཝུན་ཀུའེ་(Guo Wengui) 2017
REUTERS

དེ་ཡང་ཨ་རིའི་ནང་གནས་སྡོད་རྒྱ་རིགས་འབྱོར་ལྡན་པ་ཀའོ་ཝུན་ཀུའེ་(Guo Wengui)་ཡིས། ཨ་རིའི་ནང་ཁོང་དང་འབྲེལ་བ་ཡོད་པའི་མི་སྣ་མང་པོར་ཨ་སྒོར་ཐེར་འབུམ་གཅིག་ལྷག་གི་མགོ་སྐོར་བསླུ་བྲིད་བྱས་པའི་ཉེས་འཛུགས་འོག འདི་ཚེས་༡༥གཟའ་ལྷག་པའི་ཉིན་ཨ་རིའི་དབུས་གསང་བའི་ལས་ཁུངས་སམ་དབུས་ཞིབ་དཔྱོད་ལས་ཁུངས་(FBI)ཀྱི་མི་སྣས་འཛིན་བཟུང་བྱས་འདུག
ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་ཁྲིམས་ཁང་ནས་ནག་ཉེས་བཙུགས་པའི་རྣམ་གྲངས་ཞིབ་བཀོད་བྱས་པའི་ནང་། ཁོང་གི་ཚོང་ལས་ཐོག་མི་གཞན་གྱིས་མ་འཛུགས་བྱས་པའི་དངུལ་འབོར་ནས་ཨ་སྒོར་ས་ཡ་༣༧ཙམ་གྱི་གྲུ་ཆུང་ཞིག་ཉོས་པ་དང་། དེ་བཞིན་སོ་སོའི་ནང་མི་ཁག་ཅིག་ལ་ཨ་སྒོར་ས་ཡ་མང་པོ་གནས་པའི་སྡོས་ཁང་ཉོས་པ། ཁོང་གི་བུའི་ཆེད་དུ་འཛམ་གླིང་ནང་རིན་གོང་ཆེ་ཤོས་གྲས་ཀྱི་(Ferrari)་མོ་ཊ་ཨ་སྒོར་ས་ཡ་གསུམ་དང་ལྔ་འབུམ་ཙམ་གནས་པ་ཞིག་ཉོས་པ་དང་། མཐའ་ན་ཨ་སྒོར་གསུམ་ཁྲི་དྲུག་སྟོང་གནས་པའི་ཉལ་གདན་གཉིས་ཀྱང་ཉོས་ཡོད་པ་བརྗོད་འདུག
ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཀའོ་ཝུན་ཀུའེ་ཡིས་ཁྲིམས་འགལ་གྱི་ཐོག་ནས་བཀར་འཇུག་བྱས་པའི་ཨ་སྒོར་ས་ཡ་༦༣༤དང་། དེ་མིན་མཁར་དབང་ཁག་ཅིག་གཞུང་བཞེས་བཏང་འདུག
ཁོང་དང་མཉམ་དུ་ཁོང་གི་དངུལ་རྩིས་སློབ་སྟོན་པ་ཧོང་ཀོང་དང་དབྱིན་ཇིའི་གཉིས་ཀའི་མི་སེར་ལག་འཁྱེར་ཡོད་མཁན་ཀིམ་མིང་ཇེ་ཟེར་བ་ཞིག་ཀྱང་འཛིན་བཟུང་བྱ་རྒྱུའི་བརྡ་ཐོ་བཏང་འདུག་ན་ཡང་། ད་བར་དུ་མི་དེ་རྙེད་སོན་བྱུང་མེད་པ་རེད་འདུག
ཀའོ་ཝུན་ཀུའེ་ནི་རྒྱ་ནག་ནས་ཨ་རིར་ཕྱི་ལོ་༢༠༡༤ལོ་ཙམ་ལ་སླེབས་ཏེ་ཨ་རིའི་ནང་གནས་སྡོད་བྱས་ཡོད་ལ། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ལྐོག་ཟའི་བྱ་སྤྱོད་ཐེར་འདོན་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད། ཨ་རིའི་སྲིད་འཛིན་གོང་མ་ཌོ་ནལཌ་ཏྲམཔ་(Trump)་ཡི་གཞུང་འཛིན་རིང་། སྲིད་འཛིན་གྱི་སློབ་སྟོན་པ་ཡོངས་གྲགས་ཆེ་ཤོས་(Steve Bannon)་དང་འབྲེལ་བ་ཤུགས་ཆེ་བྱུང་བ་མ་ཟད། ཟླ་བ་འགའ་ཤས་སྔོན་ཨ་རིའི་ཉེན་རྟོག་པས་(Steve Bannon)་ཀའོ་ཝུན་ཀུའེ་ཡི་གྲུ་གཟིངས་ནས་འཛིན་བཟུང་བྱས་ཡོད་པ་རེད།
ཀའོ་ཝུན་ཀུའེ་ཡིས་༢༠༡༨ལོ་ཙམ་ནས་(The Rule of Law Foundation)་ཁྲིམས་ལུགས་དབང་བསྒྱུར་ཐེབས་རྩ་དང་། (Rule of Law Society)་ཁྲིམས་ལུགས་དབང་བསྒྱུར་སྤྱི་ཚོགས་ཟེར་བའི་ཁེ་མེད་ཚོགས་པ་གཉིས་བཙུགས་འདུག་ཅིང་། རང་ལོ་༥༢ལ་སླེབས་པའི་ཀའོ་ཝུན་ཀུའེ་ལ་ཁྲིམས་ཁང་ནས་ནག་ཉེས་མི་འདྲ་བ་ཁག་༡༡གི་ཉེས་འཛུགས་བྱས་ཡོད་པ་དང་། དེ་ཚོ་ར་འཕྲོད་བྱུང་ཚེ་ཁོ་པར་ལོ་མང་གི་བཙོན་འཇུག་ཉེས་ཆད་ཕོག་སྲིད་པ་རེད་འདུག
ཨ་རིའི་དབུས་ཞིབ་སྤྱོད་ཁང་གིས་འཛིན་བཟུང་བྱས་པའི་རྒྱ་རིགས་ཀའོ་ཝུན་ཀུའེ། དེ་སྔོན་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་བོད་མི་ཁག་ཅིག་དང་འབྲེལ་བ་བྱས་མྱོང་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་འབྲེལ་བ་ཉེ་པོ་ཡོད་ལུགས་སོགས་བརྗོད་དེ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཡང་མཇལ་བཅར་ཞུས་ཡོད་འདུག

* འབྲེལ་ཡོད་གནས་ཚུལ།


གསར་འགོད་པ། སྐལ་ལྡན་བློ་གྲོས། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷོསི་ཊོན་གཟའ་མཇུག་བོད་ཡིག་སློབ་གྲྭ
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎