སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་པ།

2023.01.20
Share on WhatsApp
Share on WhatsApp
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་པ། ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༢༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཐོན་གྱིས། རྒྱ་གར་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད་པ།
Bureau of His Holiness the Dalai Lama, New Delhi

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༢༢ཟླ་༡༢ཚེས་༢༢ཉིན་ནས་ཕྱི་ལོ་༢༠༢༣ ཟླ་༡ཚེས་༢༠བར་ཁྱོན་ཟླ་བ་གཅིག་མ་ཟིན་ཙམ་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གྱི་མཛད་རིམ་ཁག་ལེགས་པར་གྲུབ་པའི་རྗེས། འདི་ཚེས་༢༠ཉིན་གྱི་སྔ་དྲོ་ཆུ་ཚོད་༨མ་ཟིན་ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་གྷ་ཡ་གནམ་ཐང་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཞལ་བསྒྱུར་གནང་མཛད་ཡོད་ཅིང་། དགའ་ལྡན་ཕོ་བྲང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་ཁག་གཅིག་སྐྱངས་རྒྱུ་དང་ཕྱི་ཚེས་༢༣ ཉིན་ཧི་མ་ཅལ་མངའ་སྡེའི་རྡ་རམ་ས་ལའི་བཞུགས་སྒར་པོ་བྲང་དུ་ཞབས་སོར་འཁོད་རྒྱུ་ཡིན་འདུག།

ད་རེས་༸གོང་ས་མཆོག་གནས་མཆོག་རྡོ་རྗེ་གདན་ནས་གྷ་ཡ་གནམ་ཐང་དུ་ཆིབས་སྒྱུར་གནང་སྐབས་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་ཕོ་བྲང་གི་རྒྱལ་སྒོའི་ཉེ་མཁྲིས་དང་ཕེབས་ལམ་གཡས་གཡོན་དུ། ཕྱི་ནང་གི་དད་ལྡན་པ་བརྒྱ་ཕྲག་མང་པོས་ལག་ཏུ་མེ་ཏོག་བདུག་སྤོས་དང་། དཀར་གཙང་མཇལ་དར་སོགས་བཟུང་སྟེ་མཇལ་ཁ་དང་ཕེབས་སྐྱེལ་ཞུས་ཡོད་པ་རེད། སྐབས་དེར་དད་ལྡན་པ་ཁག་ཅིག་ལ་ད་རེས་གནས་ཁྱད་པར་ཅན་འདིར། ཁྱོན་ལོ་གསུམ་མ་ཟིན་ཙམ་གྱི་རྗེས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་ཆོས་བཀའ་དྲིན་སྩལ་བ་དང་ཁོང་གི་ཞལ་མཇལ་ཡང་ཡང་ཐོབ་པར། སེམས་ཚོར་ཇི་བྱུང་ཐད་བཅར་འདྲི་ཞུས་པར། རྒྱ་གར་བྱང་ཕྱོགས་སྦིར་ནས་ཡིན་པ་རང་ལོ་༨༠སོན་པ་ཨ་མ་མཚམས་གཅོད་ལགས་ཀྱིས་ལོ་མང་རྗེས་སུ་གནས་རྩ་ཆེན་འདིར་༸གོང་ས་མཆོག་མཇལ་བར་དགའ་ཚོར་དང་བསོད་ནམས་ཆེན་པོ་བྱུང་སོང་ཞེས་གསུང་གི་འདུག། ཡང་རྒྱ་གར་ལྷོ་ཕྱོགས་མོན་གྷོཊ་ནས་ཡིན་པ་ཚེ་རིང་རྡོ་རྗེ་ལགས་ཀྱིས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དུས་ཡུན་རིང་པོའི་རྗེས་སུ། ༧གོང་ས་མཆོག་གི་གསུང་ཆོས་དང་ཞལ་མཇལ་ཡང་ཡང་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་སོང་ཞེས་གསུང་གི་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ཁྱོན་ལོ་གསུམ་མ་ཟིན་ཙམ་གྱི་རྗེས་སུ།གནས་མཆོག་རྡོ་རྗེ་གདན་དུ་ཞབས་སོར་ཐེངས་མ་དང་པོར་འཁོད་གནང་མཛད་ཡོད་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༢༢ཟླ་བ་༡༢ཚེས་༢༩ནས་ ༣༡བར་ཉིན་གྲངས་གསུམ་རིང་བྱང་ཆུབ་སེམས་འགྲེལ་དང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་ཡོད་པ་མ་ཟད། ཕྱི་ལོ་༢༠༢༣ ཟླ་བ་༡ཚེས་༡ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་༡༨ཉིན་སྔ་འགྱུར་ཆོས་བརྒྱུད་འཛིན་པ་ཡོངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད། ཡང་གནས་མཆོག་རྡོ་རྗེ་གདན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུམཱར་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག། རྒྱ་གར་དབུས་གཞུང་ཁྲིམས་དོན་བློན་ཆེན་ཀེ་རན་རེ་ཇེ་ཇུ་མཆོག་དང་གཞུང་འཛིན་ཆབ་སྲིད་ཚོགས་པའི་དཔོན་རིགས་རྒན་གྲས་ཁག་ཅིག་བཅས་ནས་ཀྱང་མཇལ་ཁ་ཞུས་ཡོད་འདུག། དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་ཐའི་ལེན་ཊའི་(Watpa)ལྦ་ཊ་པ་དགོན་པར།ལེགས་སྦྱར་དང་། པཱ་ལིའི་ཆོས་རྒྱུད་ཀྱི་དགེ་འདུན་པའི་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་གཞི་དང་འབྲེལ་བའི་དམ་ཆོས་འདུལ་བའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་ཡོད་པ་མ་ཟད། གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་སྐྲུན་གྱི་རྩིགས་རྨང་འཇོག་གནང་མཛད་དེ་ཐུགས་སྨོན་བཀའ་དྲིན་ཆེ་བ་སོགས་ཀྱི་མཛད་འཕྲིན་དུ་མ་ཞིག་བསྐྱངས་གནང་མཛད་ཡོད་པ་རེད།

 

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ།  བསྟན་འཛིན་འཕགས་སྒྲོན།  ཡེ་ཤེས་ཟླ་བ། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱི་མངའ་སྡེའི་དཔོན་རིགས་ཚོར་བོད་མིའི་དཀའ་ངལ་སྐོར་སྙན་སེང་ཞུས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྱི་(Oxford Union)་གླེང་སྟེགས་ཐོག་བོད་དོན་གཏམ་བཤད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎