༧གོང་ས་མཆོག་གི་སྐུའི་ཡང་སྲིད་མུ་མཐུད་ཕེབས་དགོས་པའི་གསོལ་འདེབས་ཞུས་པ།


2019.10.05
༧གོང་ས་མཆོག་གི་སྐུའི་ཡང་སྲིད་མུ་མཐུད་ཕེབས་དགོས་པའི་གསོལ་འདེབས་ཞུས་པ། སྐུའི་ཡང་སྲིད་ཀྱི་འགན་དབང་དེ་མགོན་པོ་གང་ཉིད་མཆོག་དང་དགའ་ལྡན་ཕོ་བྲང་ལ་མ་གཏོགས་གཞན་སྤྱི་སྒེར་སུ་ལའང་མེད་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་སོང་།
བོད་མིའི་སྒྲིག་འཛུགས།

༄༅༎ཕྱི་ལོ་༢༠༡༩ཟླ་༡༠ཚེས་༥་ཉིན་དམིགས་བསལ་ཚོགས་ཆེན་གྱི་མཇུག་བསྡོམས་ཐོག་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ཚོགས་ཚུང་སོ་སོའི་རྒྱབ་གཉེར་སྙན་ཐོ་རྣམས་ཕྱོགས་བསྡོམས་གནང་བ་ཁག་ཚོགས་ཐོག་སྙོན་སྒྲོན་གནང་བ་དང་སྦྲགས་གྲོས་གཞི་དོན་ཚན་གཉིས་པ་རྒྱལ་དབང་སྐུ་ཕྲེང་ན་རིམ་དང་བོད་མི་མང་དབར་གྱི་འབྲེལ་ལམ་སྐོར་སྤྱི་མོས་གཏན་འབེབས་བྱུང་བ་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ཡོངས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་སྟབས་སྐལ་པ་བརྒྱ་ཕྲག་བར་བོད་མི་ཡོངས་ཀྱི་དཔུང་སྙན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་འདེབས་ཞུ་ཡག་དང། རྒྱལ་དབང་སྐུ་ཕྲེང་ན་རིམ་རྣམས་བོད་གངས་ཅན་པའི་བསྟན་པ་དང་འགྲོ་བའི་དོན་དུ་ ངེས་ཕེབས་ཡོང་བའི་གསོལ་འདེབས་ཞུ་ཡག རྒྱལ་བའི་ཡང་སྲིད་ངོས་འཛིན་ཐད་ལ་འགན་དབང་ཡོངས་རྫོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དགའ་ལྡན་ཕོ་བྲང་ལ་མ་གཏོགས་མེད་པ། རྒྱ་ནག་གཞུང་གིས་༢༠༠༧ ལོར་བཞག་པའི་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱེད་ཕྱོགས་ཀྱི་ཡིག་ཆ་ཨང་༥ཞེས་པ་བཙན་བཀའ་བཏང་ཏེ་རྒྱལ་བའི་ཡངས་སྲིད་ངོས་འཛིན་བྱེད་ཕྱོགས་ལ་ངན་བྱུས་འདོན་བཞིན་པ་དེར་འགག་པ་མཐའ་ཅིག་ཏུ་ཡོད་ཅེས་ སྤྱི་མོས་གཏན་འབེབས་གནང་འདུག བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ད་རེས་དམིགས་བསལ་ཚོགས་ཆེན་འདིའི་ཐོག་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་ཡང་སྲིད་ཐད་འགན་ དབང་དེ་༧གོང་ས་མཆོག་ཁོ་ནར་མ་གཏོགས་མེད་པའི་གྲོས་ཆོད་བཞག་ཐུབ་པ་འདིས་རྒྱ་ནག་གཞུང་ལ་བརྡ་ལན་དང་བོད་མིའི་ཆིག་སྒྲིལ་ལའང་ཕན་ཐོགས་བྱུང་ཡོད་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་རྗེས་མ་ལོར་ལོ་ཆ་ཚང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་ཡང་གནང་འདུག གྲོས་གཞི་གཞན་ཞིག་ནི་༥།༥༠ ལས་འཆར་དང་འབྲེལ་བའི་ཐད་ལ་ཚོགས་ཆུང་སོ་སོའི་རྒྱབ་གཉེར་ཁག་གི་ཐོག་བཀའ་སྤྱི་གཉིས་ནས་དཔྱད་ཞིབ་ཀྱིས་ལག་བསྟར་གནང་རྒྱུ་ཡིན་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་འདུག དེའི་ནང་ནས་གནད་དོན་ག་རེ་ཡོད་མེད་སྐོར་ལ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཆབ་སྲིད་ཀྱི་ཐོག་ཤར་ནུབ་གཉིས་སུ་བོད་མིའི་མི་འབོར་འདྲ་མཉམ་འགྲོ་བཞིན་པའི་སྐབས་འདིར་མ་འོངས་སྤྱི་འཐུས་ཀྱི་སྒྲོམ་གཞིར་འགྱུར་བཅོས་གཏོང་དགོས་པ་། བོད་མིའི་གཞིས་ཆགས་ཁག་གི་ནང་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་པའི་སྐབས་འདིར་ས་ཞིང་འདེབས་ལས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་བཟོ་ལས་ཡར་རྒྱས་གཏོང་དགོས་པ། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱ་འབྲེལ་མོལ་ཐོག་སྔར་ལྷག་འབད་བརྩོན་གནང་རྒྱུ་ཞེས་གཏན་འབེབས་གནང་འདུག ད་རེས་ཀྱི་དམིགས་བསལ་ཚོགས་ཆེན་འདིའི་ཐོག་རྒྱལ་ཁབ་༢༤ ནས་ཚོགས་བཅར་བ་༣༥༠ ནས་མཉམ་བཞུགས་གནང་ཡོད་པ་རེད་འདུག  འདི་ཚེས་༦ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེང་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཚོགས་བཅར་བ་རྣམས་ལ་བཀའ་སློབ་དང་མཇལ་ཁ་སྩལ་གནང་མཛད་རྒྱུ་ཡིན་འདུག་ལ་ སྐབས་དེར་ཚོགས་ཆེན་གྱི་གྲོས་ཆོད་སྤྱན་འབུལ་ཞུ་རྒྱུ་ཡིནའདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎