དེ་རིང་ཧོང་ཀོང་གི་ཕྱོགས་འགལ་ཚོགས་པས་ཧོང་ཀོང་རྒྱལ་ཡོངས་སུ་རིང་མིན་ཕྱི་ཟླ་དགུ་པའི་ནང་གྲོས་ཚོགས་ཀྱི་རྒྱལ་ཡོངས་འོས་བསྡུའི་ཆེད་སྔོན་འགྲོའི་འོས་མི་འོས་འདེམས་བྱ་ཆེད་འོས་བསྡུའི་ས་ཚིག་ཁག་གི་གྲ་སྒྲིག་གནང་ཡོད་པ་དང་། སྔོན་འགྲོའི་འོས་བསྡུ་དེ་བཞིན་རྒྱ་ནག་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་ལག་བསྟར་བྱས་པའི་བདུན་ཕྲག་གཉིས་ཙམ་ཀྱི་རྗེས་སུ་འོས་བསྡུ་བྱས་པ་ཐོག་མ་དེ་ཡིན་པ་རེད།
དེ་རིང་ཧོང་ཀོང་ནས་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་འགྲོའི་འོས་བསྡུ་མ་གནང་བའི་སྔ་ནུབ་ཏུ་ཉེན་རྟོག་པས་མང་ཚོགས་ཀྱི་བསམ་ཤོག་བསྡུ་མཁན་Robert Chungགི་ཡིག་ཚང་བསྔོགས་བཤེར་བྱས་བཞག ཁོང་གི་ལས་ཁང་དེས་འོས་བསྡུ་གྲ་སྒྲིག་ཞུ་རྒྱུ་དང་། འོས་བསྡུ་དྲང་བདེན་ཡོང་མིན་དང་། དེ་བཞིན་འོས་བསྡུར་ཐེ་བྱུས་བྱེད་ཀྱི་ཡོད་མེད་སོགས་མང་ཚོགས་ཀྱི་བསམ་ཚུལ་ཐོག་ཉམས་ཞིབ་གནང་མཁན་ལས་ཁང་ཞིག་ཡིན་པ་རེད། དེ་རིང་ཉིན་རྒྱབ་འོས་བསྡུའི་ས་ཚིག་ཁག་ཏུ་འོས་ཤོག་འཕེན་རྒྱུ་འགོ་འཛུགས་མ་གནང་གོང་མང་གཙོའི་ལས་འགུལ་སྤེལ་མཁན་Joshua Wong ཡིས་སྔོན་འགྲོའི་འོས་བསྡུ་དེ་ནི་པེ་ཅིང་ལ་ང་ཚོས་ནམ་ཡང་མགོ་སྒུར་གྱི་མིན་ཞེས་ཐེངས་དང་པོར་བརྡ་ལན་སྤྲད་པ་ཞིག་རེད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་ཧོང་ཀོང་ཐོག་དོ་སྣང་གནང་རོགས་ཞེས་ནན་སྐུལ་ཞུ་ཡི་ཡོད་ཅེས་གསུངས་བཞག
ཐེངས་འདིའི་སྔོན་འགྲོའི་འོས་བསྡུ་དེ་བཞིན་ཧོང་ཀོང་གི་ཕྱོགས་འགལ་ཚོགས་པའི་འོས་མི་འོས་འདེམས་བྱ་རྒྱུ་གཅིག་པུའི་ཆེད་དུ་ཡིན་ཡང་། དོ་སྣང་དང་རྟོག་ཞིབ་གནང་མཁན་ཚོས་དེ་རིང་འོས་ཤོག་འཕེན་དུ་མི་མང་ག་ཚོད་སླེབས་དང་མ་སླེབས་པའི་ཐོག་ནས་རྒྱ་ནག་གིས་འགེལ་བའི་བདེ་སྲུང་ཁྲིམས་ལུགས་དེར་ཧོང་ཀོང་མི་མང་གིས་ངོ་རྒོལ་ག་ཚོད་ཡོད་མེད་གསལ་པོ་ཆགས་ཀྱི་རེད་ཅེས་གསུངས་ཀྱི་ཡོད་འདུག སྔོན་འགྲོའི་འོས་བསྡུ་དེའི་བརྒྱུད་མང་གཙོ་ཚོགས་པར་ཧོང་ཀོང་གི་གྲོས་ཚོགས་སུ་ཞབས་སྟེགས་༧༠ཡོད་པ་ནས་ཉུང་མཐར་༣༥ཐོབ་པ་བྱས་ནས་མང་མོས་རྒྱལ་ཁ་ཐོབ་པ་ཞིག་བྱ་རྒྱུའི་གོ་སྐབས་གལ་ཆེ་ཞིག་ཡིན་པ་རེད། སྔ་ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་། ཧོང་ཀོང་གི་ཕྱོགས་འགལ་མང་གཙོ་ཚོགས་པར་རྫོང་ལས་ཁུངས་ཁག་གི་འོས་བསྡུའི་ཐོག་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།།