ཧོང་ཀོང་གི་རྩོད་གཞི་ཅན་གྱི་ཁྲིམས་འཆཪ་དེ་ཤི་ཚར་བ་ཧོང་ཀོང་གི་སྤྱི་ཁྱབ་པས་གསུངས་འདུག
2019.07.09
ཧོང་ཀོང་གི་སྤྱི་ཁྱབ་པ་ལྕམ་ཀེ་རི་ལེམ་(Carrie Lam)གྱིས་ཧོང་ཀོང་གིས་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་རྩོད་གཞི་ཅན་གྱི་ཁྲིམས་འཆཪ་དེ་ཤི་ཚར་པ་གསུངས་འདུག
བར་ལམ་ཧོང་ཀོང་གི་སྤྱི་ཁྱབ་པ་ཀེ་རི་ལམ་Carrie Lam)་གྱིས་ཧོང་ཀོང་གིས་དོགས་ཡོད་ཉེས་ཅན་པ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་གཞི་ཞིག་ཧོང་ཀོང་གྲོས་ཚོགས་ཐོག་བཏོན་པའི་རྗེས། ཧོང་ཀོང་མི་དམངས་སྟོང་ཕྲག་མང་པོས་ཁྲིམས་གཞི་དེ་ཡིས་ཧོང་ཀོང་གཞུང་གིས་མང་ཚོགས་འཛིན་བཟུང་བྱས་ཏེ་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུར་བེད་སྤྱོད་ལོག་པ་གཏོང་སྲིད་པའི་སེམས་ཁྲལ་དང་བློ་འཚབ་བྱུང་སྟེ་མི་གྲངས་འབུམ་ཕྲག་མང་པོས་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་གནས་ཚུལ་བྱུང་ཞིང་། མང་ཚོགས་ཀྱི་གནོན་ཤུགས་ལ་རྟེན་ནས་ཕྱི་ཟླ་ ༦ པའི་ནང་ཁྲིམས་འཆར་དེ་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་ལུགས་བརྗོད་དགོས་པ་ཆགས་པ་དང་། ཡང་ཕྱི་ཟླ་ ༧ ཚེས་ ༩ ཉིན་ཁྲིམས་གཞི་ཤི་ཚར་བ་ཡིན་པ་བརྗོད་དགོས་ཆགས་ཡོད་པ་རེད། འོན་ཀྱང་མང་ཚོགས་ཀྱི་དགོས་འདུན་གཙོ་བོ་ནི་ཁྲིམས་འཆར་དེ་ཡོངས་སུ་ཕྱིར་འཐེན་བྱེད་དགོས་པ་དང་། ཧོང་ཀོང་གི་སྤྱི་ཁྱབ་པ་ཀེ་རི་ལེམ་ལས་གནས་ནས་དགོངས་ཞུ་དགོས་པའི་དགོས་འདུན་བཏོན་བཞིན་ཡོད་པ་དེ་གཉིས་ཀར་ལན་འདེབས་གསལ་པོ་གང་ཡང་གནང་མེད་པ་རེད། གནད་དོན་དབྱེ་ཞིབ་པ་ཚོས་ཁྲིམས་འཆར་དེ་ཤི་ཚར་བ་ཡིན་ལུགས་བརྗོད་པ་འདི་ནི་དོན་དུ་ཁྲིམས་འཆར་དེ་ཡོངས་སུ་ཕྱིར་འཐེན་ཟིན་པར་གོ་ཐུབ་ཐབས་མེད་པ་བརྗོད་བཞིན་འདུག
ཧོང་ཀོང་ལོ་ངོ་ ༢༢ གོང་དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་སྐབས། ཧོང་ཀོང་གི་མང་གཙོའི་ལམ་ལུགས་ལ་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུར་རྒྱ་ནག་གཞུང་གིས་ཁས་ལེན་བྱས་པར་མ་ཟད། དམིགས་བསལ་ཧོང་ཀོང་ལ་ཁྱབ་པའི་ཧོང་ཀོང་གིས་རྩ་བཟུང་བྱ་རྒྱུའི་ཁྲིམས་ཡིག་ཡང་གཏན་འབེབས་བྱས་ཡོད་པ་རེད། འོན་ཀྱང་རིམ་པས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་རང་དབང་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་པ་དང་མང་ཚོགས་ཀྱི་མངོན་འདོད་མ་བརྩི་འཇོག་མ་བྱས་པ་ཤུགས་ཆེ་རུ་བཏང་པར་མ་ཟད། ཧོང་ཀོང་ས་གནས་གྲོས་ཚོགས་ཀྱི་ཚོགས་མི་མང་ཆེ་བ་རྒྱ་ནག་གཞུང་གིས་འདེམས་བསྐོ་བྱས་པ་དང་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་སྤྱི་ཁྱབ་འགན་འཛིན་ཡང་རྒྱ་ནག་གཞུང་གིས་འདོད་མོས་ཡོད་པའི་མི་ཤ་རྟག་བསྐོ་བཞག་བྱས་ཡོད་པ་རེད།