མ་འོངས་ལོ་ཉེར་ལྔའི་ནང་རྒྱ་གར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཆགས་རྒྱུའི་དམིགས་ཡུལ་བཟུང་ཡོད་ཟེར།

འདི་ཚེས་༡༥སྟེ་རྒྱ་གར་རང་བཙན་ཐོབ་ནས་ལོ་ངོ་༧༥འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra Modi )་མཆོག་གིས་གཞོན་སྐྱེས་ཚོར་གཙོ་བོ་དམིགས་ཏེ་གསུང་བཤད་གནང་བའི་ནང་། མ་འོངས་ལོ་ཉི་ཤུ་རྩ་ལྔའི་ནང་ཚུད་ང་ཚོའི་རྒྱལ་ཁབ་འདི་བཞིན་འཛམ་གླིང་ནང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཐུབ་པ་ཞིག་ཁྱེད་ཚོས་དམིགས་ཡུལ་ཟིན་ཏེ་རྒྱལ་ཁབ་ཀྱི་དོན་དུ་ནུས་ཤུགས་དཔུང་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་འདུག
གོང་ཞུས་གཏམ་བཤད་ནང་སྲིད་བློན་མཆོག་གིས་མུ་མཐུད་ནས། ང་ཚོའི་རྒྱལ་ཁབ་འདི་བཞིན་རང་བཙན་ཐོབ་པའི་རྗེས་འདས་པའི་ལོ་ངོ་བདུན་ཅུ་དོན་ལྔའི་རིང་སྐྱིད་སྡུག་འདྲ་མིན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་ཡོད་རེད། ཡིན་ནའང་མ་འོངས་པར་ང་ཚོའི་རྒྱལ་ཁབ་འདི་བཞིན་རང་ཁ་རང་གསོ་དང་རྒྱལ་སྤྱིའི་སྟེང་ཚན་རིག་དང་འཕྲུལ་རིགས་ཀྱི་ཐོག་ནས་དཔུང་པ་མཉམ་བཤིབས་བྱེད་ཐུབ་པའི་ལམ་སྟོན་དང་སྦྲགས་བཟོ་སྐྲུན་ལས་གཞི་རྒྱ་བསྐྱེད་གཏོང་རྒྱུའི་མཚོན་ཕྱིའི་ཡུལ་གྲུ་ཁག་ལ་འཕྲུལ་ཆས་ལ་སོགས་པ་གང་གི་ཐོག་ནས་ཕྱི་ཚོང་བྱེད་
ཐུབ་པ་བཟོ་རྒྱུ་ཡིན་ལུགས་གསུངས་ནས། ད་ལྟའི་ཆར་རྒྱལ་སྤྱིའི་ནང་རྒྱ་གར་རྒྱལ་ཁབ་འདི་བཞིན་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁོངས་སུ་ངོས་འཛིན་བྱེད་པ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཀྱི་མེད་པར་བརྟེན་མ་འོངས་ལོ་ཉི་ཤུ་རྩ་ལྔའི་ནང་དམིགས་ཚད་བཟུང་ཏེ་ཡར་རྒྱས་གཏོང་རྒྱུ་ཡིན་ལུགས་ནན་བརྗོད་གནང་ཡོད་འདུག
རིའུ་ཊར་གསར་ལས་ཁང་གིས་གོང་ཞུས་གནས་ཚུལ་ནང་མུ་མཐུད་ནས་བཀོད་པར་ལྟར་ན། འཛམ་གླིང་ནང་ནས་རྒྱ་གར་རྒྱལ་ཁབ་ཀྱི་དཔལ་འབྱོར་ནི་ཨང་དྲུག་པ་ཆགས་ཀྱི་ཡོད་པ་དང་། མ་འོངས་ཕྱི་ལོ་༢༠༢༣བར་རྒྱ་སྐྱེད་འགྲོ་རྒྱུའི་རེ་བ་ཡོད་པ། ལྷག་པར་དུ་དཔལ་འབྱོར་དབྱེ་ཞིབ་པ་ཚོས་མ་འོངས་ཕྱི་ལོ་༢༠༥༠ཙམ་ལ་ཨ་རི་དང་རྒྱ་ནག་གཉིས་ཀྱི་རྗེས་ཨང་གསུམ་པ་ཆགས་རྒྱུའི་རེ་བ་ཡོད་པའི་དཔྱད་ཞིབ་གནང་འདུག
ཚེས་༡༥ཉིན་རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་ངོ་༧༥འཁོར་བའི་དུས་དྲན་སྔར་དང་མི་འདྲ་བར་སྲུང་བརྩི་ཞུས་ཡོད་པ་དང་། བོད་མི་འདུས་སྡོད་ས་གནས་ཁག་ལའང་རྒྱལ་དར་བསྒྲེངས་འཛུགས་དང་མངར་ཟས་བགོས་འགྲེམས་གནང་ནས་རྒྱ་གར་མི་མང་མཉམ་དུས་ཆེན་སྲུང་བརྩི་ཞུས་ཡོད་པ་རེད།
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།