རྒྱ་གར་ནང་བོད་དོན་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་ཐབས་སུ་སྐོར་སྐྱོད་གནང་།

2021-08-31
Share
རྒྱ་གར་ནང་བོད་དོན་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་ཐབས་སུ་སྐོར་སྐྱོད་གནང་། རྒྱ་གར་ནང་བོད་དོན་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་ཐབས་སུ་སྐོར་སྐྱོད་སྐབས། ༨།༢༡
ITCO

རྒྱ་གར་གྱི་ཧི་མ་ཅལ་དང་ཨུ་ཏར་ཁཱན་མངའ་ཁུལ་དུ་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་ཞོར་ལས་འགུལ་སྤེལ་རྒྱ་ཆེ་རུ་གཏོང་ཐབས་སུ་སྐོར་སྐྱོད་གནང་འདུག
དེ་ཡང་ཟླ་བ་འདིའི་ཚེས་༢༦་ནས་འགོ་བཙུགས་ཀྱིས། ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ཁང་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་གྱི་ཐོག་ནས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་སིར་མུར་རྫོང་ཁུལ་དང་། ཨུ་ཏར་ཁཱན་མངའ་སྡེའི་ས་ཁུལ་ཁག་ཅིག་ཏུ་ཡོད་པའི་ཧིན་བོད་རྒྱབ་སྐྱོར་ཚོགས་པ་དང་། ས་གནས་དེ་དག་དུ་གནས་སྡོད་བོད་མིའི་གཞིས་འགོ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱི་གནད་ཡོད་རྣམས་མཇལ་འཕྲད་གནང་ཏེ་ས་གནས་ཡུལ་མི་ཚོར་བོད་ཀྱི་གནད་དོན་གོ་རྟོགས་སྤེལ་ཐབས་དང་། བོད་དོན་ལས་འགུལ་སྤེལ་སྟངས་བཅས་ཀྱི་ཐོག་གོ་བསྡུར་སྦྱང་བཤད་གནང་ཡོད་འདུག
ད་དུང་ལྡེ་ར་ལྡུན་མངའ་ཁུལ་དུ་ཡོད་པའི་བདེ་སྐྱིད་གླིང་དང་། ར་ཇ་པུར། དོན་གྲུབ་གླིང་གཞིས་ཆགས་བཅས་པའི་ས་གནས་འགོ་འཛིན་དང་འཐུས་མི་སོགས་མཇལ་འཕྲད་གནང་བ་དང་། དེ་བཞིན་ཧི་མ་ཅལ་མངའ་སྡེའི་ཧར་པར་པུར་དང་པོན་དྲ་གཞིས་ཆགས་སོགས་སུ་ཕེབས་ནས་ས་གནས་ཁག་ཏུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཚོ་དང་ཡང་མཇལ་འཕྲད་གནང་སྟེ་ལས་འགུལ་སྤེལ་ཕྱོགས་ཀྱི་སྐོར་དང་མ་འོངས་ལས་གཞི་ཁག་གི་སྐོར་ལའང་གྲོས་བསྡུར་གནང་ཡོད་འདུག
ཐེངས་འདིའི་སྐོར་བསྐྱོད་ཕེབས་མཁན་ཁོངས་ནས་(Tibbat Mukti Sadhana)་ཞེས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ (Surendra Kumar)་ལགས་ཀྱིས། མང་ཚོགས་ལ་སྔ་མོ་ནས་རྒྱ་གར་གྱི་གནད་ཡོད་མི་སྣ་(Dr. Ram Manohar Lohia)་ལགས་དང་། (Jayaprakash Narayan)་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱིས་དབུ་ཁྲིད་པའི་འོག་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་འགོ་བཙུགས་གནང་བ་སོགས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་བ་དང་ཆབས་ཅིག བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་རྒྱ་གར་བ་ཚོས་རྒྱབ་སྐྱོར་གནང་དགོས་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སོགས་ནན་བརྗོད་གནང་ཡོད་འདུག ཟླ་བ་འདིའི་ཚེས་༢༩་ཉིན་སྐོར་བསྐྱོད་ལས་འགུལ་དེ་མཇུག་སྒྲིལ་ཡོད་འདུག

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།