རྒྱལ་སྤྱིའི་སྒྱུར་གྱི་ཉིན་མོ་དང་བསྟུན་བོད་ཀྱི་སྐད་ཡིག་དེ་བཞིན་འཛམ་གླིང་འདིའི་ཐོག་སྐད་ཡིག་གཞན་དང་ཆ་སྙོམས་པའི་ཐོག་མདུན་བསྐྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུངས་བྱུང་།
རྒྱལ་སྤྱིའི་སྒྱུར་གྱི་ཉིན་མོ་ནི་སྐད་རིགས་ཆེད་ལས་པ་ཚོས་རྒྱལ་ཁབ་ཕན་ཚུན་དབར་མཐུན་སྒྲིལ་དང་གྲོས་མོལ། གོ་རྟོགས་དང་མཉམ་ལས་བཅས་ལ་མཐུན་རྐྱེན་སྦྱོར་ཞིང་ཡར་རྒྱས་གོང་འཕེལ་གཏོང་བ་དེས། འཛམ་གླིང་ཞི་བདེ་དང་བདེ་འཇགས་བརྟན་སྲུང་གི་ཐད་ལ་ཞབས་འདེགས་རྒྱ་ཆེ་གྲུབ་བཞིན་ཡོད་པ་དེར་གཟེངས་བསྟོད་བྱེད་ཆེད་དུ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟླ་བ་ ༩ པའི་ཚེས་ ༣༠ དེ་བཞིན་རྒྱལ་སྤྱིའི་སྒྱུར་གྱི་ཉིན་མོ་ཞེས་པར་་གཏན་འབེབས་གནང་བ་ཞིག་ཡིན་པ་དང་། ཡིག་སྒྱུར་ཐད་ནུས་པ་གོང་འཕེལ་ཐུབ་ན་མ་འོངས་ལོ་ཤས་ནང་སྐད་ཡིག་ལ་བརྟེན་པའི་དཀའ་ངལ་དེ་བརྒྱ་ཆ་ ༨༠ ནས་ ༩༠ བར་སེལ་ཐུབ་པ་དེས་འགྲོ་ཧ་ཅང་འགྲོ་བ་མིའི་ཤེས་ཡོན་གོང་འཕེལ་གཏོང་བར་ཕན་ཐོགས་དང་ནུས་པ་ཆེན་པོ་ཐོན་ངེས་ཡིན་ཞིང་། ལྷག་པར་བོད་མི་ལྟ་བུ་མི་གྲངས་ཉུང་ངུ་དང་རིག་གཞུང་རྒྱ་ཆེ་བ་ལྟ་བུར་མཚོན་ན་རིག་གཞུང་དང་སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་ཐད་ཐོགས་ཆེན་པོ་བྱུང་ངེས་ཡིན་ཞིང་། རྒྱལ་སྤྱིའི་ཡིག་སྒྱུར་ཉིན་མོ་དང་བསྟུན་བོད་ཀྱི་སྐད་ཡིག་དེ་བཞིན་འཛམ་གླིང་འདིའི་ཐོག་སྐད་ཡིག་གཞན་དང་ཆ་སྙོམས་པའི་ཐོག་མདུན་བསྐྱོད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
མ་ཟད་ཁོང་གིས་བོད་ཡིག་ལ་ཆ་མཚོན་ན་ད་ལྟའི་ཆར་ Microsoft Bing དང་ Monlam AI དེ་བཞིན་ Google Translation བཅས་གསུམ་ལས་ཡིག་སྒྱུར་ཐུབ་ཀྱི་ཡོད་པ་དེ་དག་གིས། བོད་ཡིག་ནས་སྐད་ཡིག་ཡིག་གཞན་དང་ཡང་ན་སྐད་ཡིག་གཞན་ནས་བོད་ཡིག་ལ་ཚུར་བརྒྱ་ཆ་བརྒྱད་ཅུ་ཙམ་སྒྱུར་ཐུབ་ཀྱི་ཡོད་ལ། ལྷག་པར་དུ་སྨོན་ལམ་ཡིག་སྒྱུར་རིག་ནུས་ལྟ་བུ་ཆ་མཚོན་ན་ནང་པའི་ལྟ་གྲུབ་དང་རིག་གཞུང་ཡིག་སྒྱུར་ཐད་སྤུས་དག་ཤོས་དེ་ཡིན་ཡང་། དེང་དུས་ཀྱི་ཤེས་ཡོན་ཐད་དཀའ་ངལ་ཡོད་པ་དེ་དག་རིམ་བཞིན་སེལ་ཐབས་བྱེད་བཞིན་ཡོད་ཅེས་གསུངས་བྱུང་།
གཞན་ཡང་བོད་ཀྱི་དཔེ་མཛོད་ཁང་ནས་ཀྱང་ལོ་རེར་བོད་པའི་གཞོན་སྐྱེས་རྣམས་ལ་སྒྱུར་གྱི་ཟབ་སྦྱོང་ཟླ་གསུམ་རེ་གནང་གི་ཡོད་པ་བཞིན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་སུ། སྒྱུར་གྱི་ཕན་ནུས་དང་བོད་པའི་སྒྱུར་གྱི་གནས་བབ་སོགས་དང་འབྲེལ་བའི་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོས་དུས་རྟག་ཏུ་སྔ་མོའི་དུས་སུ་སཾ་སྐྲྀ་ཏ་སྐད་ནས་བོད་ཡིག་ཐོག་ནང་ཆོས་བསྒྱུར་མཁན་གྱི་ལོ་ཙཱ་བ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་བོད་མི་རྣམས་ནས་སྒྱུར་གྱི་ཐོག་ལ་སློབ་སྦྱོང་དང་ཕྱག་ལས་གནང་སྟེ། ནང་ཆོས་ཙམ་དུ་མ་ཡིན་པར་དེང་སང་གི་ཆབ་སྲིད་དང་དཔལ་འབྱོར། དེ་བཞིན་འཕྲོད་བསྟེན་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་བོད་སྐད་དུ་མེད་པ་རྣམས་བསྒྱུར་ཏེ་བོད་ཀྱི་སྐད་ཡིག་དེ་འཛམ་གླིང་གི་སྡིངས་ཆའི་ཐོག་སླེབས་ཐུབ་པ་ཞིག་ཆགས་ཐུབ་པར་འབད་བརྩོན་གནང་གལ་ཆེ་བ་ཡིན་ཞེས་གསུངས་བྱུང་།
རྩ་བའི་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ཁྱབ་ཁོངས་བརྡ་ཆད་གཏན་འབེབས་ཚན་པ་ཞེས་པ་ནས་ཀྱང་། དེང་དུས་ཀྱི་ཚན་རྩལ་འཕྲུལ་ཆས་དང་འབྲེལ་བའི་སྐད་ཡིག་གཞན་གྱི་ཐ་སྙད་དེ་དག་ཐ་སྙད་བསྒྱུར་ཚུལ་གྱི་རྩ་འཛིན་ལམ་སྟོན་གཞིར་བཟུང་བོད་ཡིག་ཏུ་བསྒྱུར་ཞིང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དང་དགོན་སྡེ་ཁག དེ་བཞིན་གཞིས་ཆགས་ཁག་ཏུ་གོ་རྟོགས་སྤེལ་རྒྱུའི་ལས་འཆར་ཞིག་ཀྱང་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།