ཉིན་གཅིག་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ཞི་རྒོལ།
2016.03.02

དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༡༦ཟླ་༢ཚེས་ ༢༩ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་རོང་རྫོང་ཁོངས་རི་མཚོ་ཁ་ཨརྱ་གླིང་དགོན་པའི་ཉེ་འཁྲིས་སུ་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་ནང་རང་དབང་དགོས་ཞེས་ཞི་རྒོལ་སྐད་འབོད་གནང་སྟེ་རང་ལུས་མེར་སྲེག་བཏང་བ་དང་། དེ་རྗེས་སི་ཁྲོན་ཁུལ་གྱི་སྨན་ཁང་ཞིག་གི་ནང་འཁྱེར་འདུག་ཀྱང་། ཁྲེན་ཏུར་མ་འབྱོར་གོང་ལམ་བར་ནས་འདས་གྲོངས་སུ་གྱུར་འདུག
ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་གནད་དོན་དེའི་ཐོག་ལན་འདེབས་གང་ཡང་བྱས་མེད་ཅིང་དཀར་མཛེས་ཁུལ་གྱི་བོད་མི་ཚོས་གནད་དོན་དེ་རིགས་ཐོག་དོ་སྣང་དང་སེམས་ཚབས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
དགེ་འདུན་སྐལ་བཟང་དབང་འདུས་ལགས་ནི་ཕ་སོ་བཀྲ་ལགས་དང་། མ་དབུ་རྒྱན་སྒྲོལ་མ་ལགས་རྣམ་གཉིས་ཀྱི་བུ་ཡིན་འདུག
ཕྱི་ལོ་ཉིས་སྟོང་དགུ་ལོ་ནས་བཟུང་ད་བར་བོད་ནང་བོད་དོན་ཆེད་སྐུ་ལུས་མེར་བསྲེག་གནང་མཁན་མི་གྲངས་༡༤༤བྱུང་ཡོད་པ་རེད་། དེ་དང་འབྲེལ་ཕྱི་ཚེས་༢༩ཉིན་དེའི་སྔ་དྲོ་ཆུ་ཚོད་༨།༣༠ཙམ་ལ་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་ས་གནས་སུ་ཡོད་པའི་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་ཀྱིས་ཀྱང་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་བར་བརྟེན་ད་ལྟ་ལྡི་ལིའི་སབ་དར་ཇངྒ་(Safdarjung)
སྨན་ཁང་ནང་མྱུར་སྐྱོབ་བྱེད་བཞིན་ཡོད་ཀྱང་གཟུགས་པོའི་བརྒྱ་ཆ་ ༩༥ ཙམ་མེས་ཚིག་ཟིན་ཡོད་འདུག
ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ནས་སྨན་ཁང་དེར་ཕེབས་ནས་སློབ་མ་ཁོང་ལ་ནད་གསོའི་ཐུག་འཕྲད་གནང་བ་མ་ཟད། ཁོང་གི་ཕ་མ་རྣམས་ལ་སེམས་གསོ་དང་སྦྲགས་བོད་མིའི་སྒྲིག་འཛུགས་ཀྱིས་མཐུན་འགྱུར་གང་དགོས་གནང་རྒྱུ་ཞལ་བཞེས་གནང་ཡོད་འདུག
དེ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་དང་འབྲེལ་ཡོད་ལས་བྱེད་རྒན་པ་གཅིག་བཅས་སྨན་ཁང་དུ་རྡོ་རྗེ་ཚེ་རིང་ལགས་ཐུག་འཕྲད་ཆེད་ཕེབས་འདུག་ཡོད་པ་མ་ཟད་། སྨན་བཅོས་ཀྱི་འགྲོ་གྲོན་ཡོངས་རྫོགས་མ་སུ་རི་བོད་ཁྱིམ་སློབ་གྲྭས་ནར་གཏོང་གནང་རྒྱུ་ཡིན་པ་གསུངས་འདུག
རྡོ་རྗེ་ཚེ་རིང་ལགས་ནི་མ་ནཱ་ལི་ས་གནས་ནས་ཡིན་འདུག་པ་དང་། ད་ལྟ་མ་སུ་རི་བོད་ཁྱིམ་གྱི་འཛིན་རིམ་བཅུ་པའི་ནང་སློབ་གཉེར་གནང་མུས་ཡིན་འདུག
གསར་འགོད་པ་འཆི་མེད།