རྒྱ་ནག་གཞུང་གིས་དམག་གི་སྒྲིག་འཛུགས་ཀྱི་ངོ་བོ་ལྟར་བོད་མི་ཚོ་ངལ་རྩོལ་བཀོལ་བཞིན་འདུག


2020-11-19
Share
ལྷ་སར་རྒྱ་ནག་གི་དམག་མིའི་རླངས་འཁོར་མང་པོ་ཡོདཔ། ༡༠།༡༦།༢༠༢༠ ལྷ་སར་རྒྱ་ནག་གི་དམག་མིའི་རླངས་འཁོར་མང་པོ་ཡོདཔ། ༡༠།༡༦།༢༠༢༠
Reuters

རྒྱ་ནག་གཞུང་གིས་བོད་ནང་དམག་གི་སྒྲིག་འཛུགས་ཀྱི་ངོ་བོ་ལྟར་ཐོག་བཙན་ཤེད་ཀྱིས་བོད་མི་ཚོ་ངལ་རྩོལ་བཀོལ་བཞིན་དབུལ་སྒྲོལ་སྲིད་ཇུས་ལག་བསྟར་བྱེད་བཞིན་པས་བོད་མི་ཚོར་དཀའ་ངལ་བཟོ་བཞིན་འདུག
དེ་ཡང་སྤྱི་ཟླ་༡༡ཚེས་༡༩ཉིན་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱིས། རྒྱ་ནག་གཞུང་གི་གྲངས་ཉུང་མི་རིགས་དབུལ་སྒྲོལ་སྐོར་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་དམག་གི་སྒྲིག་འཛུགས་ཀྱི་ངོ་བོ་ལྟར་བོད་མི་རྣམས་བཙན་གྱིས་ངལ་རྩོལ་བཀོལ་ནས་དབུལ་སྒྲོལ་ཟེར་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེས་བོད་མི་རྣམས་ལ་དཀའ་སྡུག་ཆེན་པོ་བཟོ་བཞིན་ཡོད་པའི་གནས་སྟངས་བཀོད་འདུག
བོད་ནི་ས་བབ་དང་ལོ་རྒྱུས་སོགས་རྒྱུ་མཚན་མང་པོ་ཞིག་གིས་དབང་གིས། དཔལ་འབྱོལ་དེ་ཙམ་འཕེལ་རྒྱས་སོང་མེད་མོད། འོན་ཀྱང་རྒྱ་ནག་གི་གཙོ་འཛིན་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༢༠ལོར་རྒྱ་ནག་ཁྱོན་ཡོངས་སུ་དབུལ་ཕོངས་ལས་ཡོངས་སུ་སྒྲོལ་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། བོད་ཀྱང་དེའི་ཁོངས་ནས་ལྷག་མི་ཉན་ཞིང་། འོ་ན་བོད་ཁུལ་དུ་མི་རྣམས་ཇི་ལྟར་ཇེ་ཕྱུག་ཏུ་བཏང་ཡོད་དམ་ཟེར་ན། དམག་གི་སྒྲིག་འཛུགས་ཀྱི་ངོ་བོ་ལྟར་སྦྱོང་བརྡར་དང་། བཙན་ཤེད་ཀྱི་ངལ་རྩོལ། ས་གནས་གཞན་དུ་ལས་ཞུགས། དེ་བཞིན་ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་མེད་པར་བཟོ་བ་ཟེར་བ་སོགས་ཀྱི་ནང་དོན་མང་པོ་ཞིག་དང་འབྲེལ་ནས་ཡོད་ཅེས་བཀོད་འདུག
ཡང་གནས་ཚུལ་ནང་འཁོད་པར་ལྟར་ན། རྒྱ་ནག་གཞུང་གིས་ལོ་མང་རིང་བོད་ནང་དམ་དྲག་བརྒྱུད་གཏན་ལྷིང་སྲུང་སྐྱོབ་ཟེར་བ་བྱེད་བཞིན་ཡོད་པའི་གནས་སྟངས་འོག བོད་ཕྱི་ནང་གཉིས་བར་གནས་ཚུལ་བཀག་སྡོམ་བྱས་ཡོད་པ་དང་དུས་མཚུངས། རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༩ལོའི་ལོ་མཇུག་བར་བོད་ལྗོངས་ཀྱི་རྫོང་༧༤ཡིས་དབུལ་བོའི་ཞྭ་མོ་ཟེར་བ་ཕུད་ཡོད་ལུགས་བསྒྲགས་ཡོད་ཅིང་། འོ་ན་གྲུབ་འབྲས་དེ་ཇི་ལྟར་ཐོབ་པ་རེད་དམ་ཟེར་ན། ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཡོད་པའི་(Jamestown Foundation)ཐེབས་རྩ་ཁང་གིས། ཉེ་སྔོན་སྤྱི་ཟླ་༩པའི་ནང་སྙན་ཐོ་བཏོན་པའི་ནང་དུ། རྒྱ་ནག་གཞུང་གིས་དབུལ་སྐྱོར་ལ་ཁ་གཡར་ནས་བོད་ནང་གི་ཞིང་འབྲོག་མི་དམངས་ས་ཡ་ཕྱེད་ཀ་ལྷག་ངལ་རྩོལ་བསྒྱུར་བཀོད་ར་བར་བཅུག་ནས་དམག་གི་སྒྲིག་འཛུགས་ལྟ་བུའི་སྦྱོར་བརྡར་སྤྲད་ནས་བཙན་ཤེད་ཀྱིས་ངལ་རྩོལ་བཀོལ་བཞིན་ཡོད་པའི་གནས་སྟངས་ཕྱིར་བསྒྲགས་གནང་ཡོད།
གོང་ཞུས་སྙན་ཐོ་དེའི་ཐད་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་(RTR)གསར་འགྱུར་ཁག་གི་དྲི་བར་ལན་འདེབས་བྱས་པའི་སྐབས། བོད་ནང་བཙན་ཤེད་ཀྱི་ངལ་རྩོལ་བཀོལ་བཞིན་པའི་གནས་སྟངས་ངོས་ལེན་བྱས་མེད་པ་རེད།
འོན་ཀྱང་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བས་སྤྱི་ལོ་༢༠༡༩ལོར་ཡོངས་བསྒྲགས་ཀྱིས་སྤེལ་བའི་གནས་ཚུལ་ལུངས་འདྲེན་བྱས་པའི་ནང་། བོད་ནང་ལག་རྩལ་སྦྱོང་བརྡར་དང་། ལས་ཞུགས་ཀྱི་འཆར་གཞིར་སྐུལ་འདེད་བྱེད་དགོས་ཤིང་། སྦྱོང་བརྡར་སྤྲོད་སྟངས་ལ་ཡང་གསར་གཏོད་བྱས་ནས། དམག་གི་སྒྲིག་འཛུགས་རང་བཞིན་ཁྱབ་གདལ་ཤུགས་ཆེར་གཏོང་དགོས་ལུགས་སོགས་འཁོད་པ་གནས་ཚུལ་ནང་བཀོད་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎