རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་སྤང་གོང་མཚོ་ཡོད་སར་ཟམ་པ་གསར་རྒྱག་བྱས་ཡོད་འདུག

2022.05.04
Share on WhatsApp
Share on WhatsApp
རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་སྤང་གོང་མཚོ་ཡོད་སར་ཟམ་པ་གསར་རྒྱག་བྱས་ཡོད་འདུག བར་སྣང་ནས་བླངས་བའི་ལ་དྭགས་སྤང་གོང་མཚོའི་ཁུལ་གྱི་ས་ཁུལ། ༠༤།༢༩།༢༠༢༢
RFA

དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གནས་ཚུལ་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་སྤང་གོང་མཚོའི་བྱང་ངོས་སུ་ཟམ་པ་ཞིག་གསར་རྒྱག་བྱས་ཟིན་པ་དང་། སྤང་གོང་མཚོ་ནི་ལ་དྭགས་དང་བོད་ཀྱི་ས་མཚམས་སུ་ཡོད་པ་དང་། ཟམ་པ་དེས་ད་ཆ་མངའ་ཁུལ་དེར་ཡོད་པའི་རྒྱ་ནག་གི་མཐའ་སྲུང་དམག་མིར་འགྲོ་ལམ་མཐུད་པ་ཙམ་མ་ཟད། དམག་དོན་འཐབ་ཇུས་གལ་ཆེན་ཞིག་ཆགས་ཡོད་པ་པར་དེ་བརྒྱུད་ནས་ཤེས་རྟོགས་ཐུབ་ཀྱི་ཡོད་པ་གནས་ཚུལ་སྤེལ་འདུག དེའི་ཐད་བོད་དོན་ལས་འགུལ་བ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་གསུངས་ན། རྒྱ་ནག་གཞུང་གིས་ལ་དྭགས་དང་ས་འབྲེལ་བོད་ཀྱི་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་དང་། སྤང་གོང་མཚོའི་བྱང་ངོས་སུ་ཟམ་པ་གསར་བསྐྲུན་བྱས་བ་བཅས་ནི་རྒྱ་ནག་གིས་མཐའ་མཚམས་དམག་མིའི་འགྲོ་བསྐྱོད་སྟབས་བདེ་རུ་བཏང་བ་དང་། གོ་མཚོན་དབོར་བདེ་བ། དམག་གི་རླངས་འཁོར་སོགས་བསྐྱོད་བདེ་བ་བཅས་ཀྱི་ཆེད་དུ་ཡིན་པ་གསལ་བོ་ཡིན་པ་དང་། དེས་རྒྱ་གར་གྱི་བདེ་འཇགས་ལ་རང་བཞིན་གྱིས་ཉེན་ཁ་ཆགས་ཀྱི་ཡོད་པ་ངོ་སྤྲོད་གནང་བྱུང་།
འདི་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱི་བདེ་སྲུང་དང་རྒྱལ་སྲུང་ལྷན་ཁང་གིས་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། སྤང་གོང་མཚོའི་བྱང་ངོས་སུ་རྒྱ་ནག་གིས་ཟམ་པ་གསར་རྒྱག་གི་རྨང་གཞི་བསྐྲུན་བཞིན་པ་ཤེས་རྟོགས་བྱུང་ཡོད་པ་རེད། གནས་ཚུལ་ནང་། རྒྱ་གར་གྱིས་ཕྱི་ལོ་༢༠༢༠ལོར་སྤང་གོང་མཚོའི་ཤར་ངོས་མཚོ་འགྲམ་གྱི་རི་རྩེ་བདག་བཟུང་བྱ་ཐུབ་པ་བྱུང་བ་དེར་ཡ་ལན་སློག་ཆེད་རྒྱ་ནག་གཞུང་གིས་བྱང་ངོས་སུ་ཟམ་པ་གསར་རྒྱག་བྱས་པ་ཞིག་ཡིན་ལུགས་བཀོད་འདུག
ཟམ་པ་དེ་བཞིན་འདི་ལོའི་ཕྱི་ཟླ་བཞི་པའི་ནང་གསར་རྒྱག་བྱས་ཟིན་པ་དང་། དེས་(Khurnak)་ནས་རྒྱ་ནག་གི་མཐའ་སྲུང་དམག་གི་དམག་སྒར་ཡོད་ས་རུ་ཐོག་རྫོང་བརྒྱུད་སྤང་གོང་མཚོ་བར་སྤྱི་ལེ་༡༨༠ཙམ་ལམ་ཐག་ཉེ་རུ་ཕྱིན་ཡོད་འདུག ད་དུང་བར་སྣང་ནས་བླངས་བའི་བརྙན་པར་གྱི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཁུལ་དེར་རྒྱ་ནག་གཞུང་གིས་མོ་ཀྲའི་འགྲོ་ལམ་ཡང་གསར་རྒྱག་བྱེད་བཞིན་ཡོད་འདུག
མིས་བཟོས་རྒྱུ་སྐར་གྱི་པར་ལེན་མཁས་པ་(Damier Symon)་ཞུ་བས། ཁོང་གི་(twitter)་དྲ་བར་བརྙན་པར་ཁག་ཅིག་བཞག་ནས། རྒྱ་ནག་གཞུང་གིས་རུ་ཐོག་ནས་སྤང་གོང་མཚོ་བར་གཞུང་ལམ་གསར་རྒྱག་བྱ་རྒྱུ་འགོ་འཛུགས་བྱས་ཟིན་འདུག་ལ། དེ་ནི་རྒྱ་ནག་གི་དམག་མི་འཕྲལ་མ་ཉིད་དུ་ཕར་ཚུར་འགྲོ་སྐྱོད་ཐུབ་ཆེད་དང་། དམག་དོན་མཁོ་ཆས་རྣམས་མགྱོགས་པོ་དབོར་འདྲེན་ཐུབ་ཆེད་ཡིན་ལུགས་བྲིས་འདུག

གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།