བློ་བཟང་དར་རྒྱས་སླར་ཡང་རྒྱ་ནག་གིས་འཇུ་བཟུང་བྱས་འདུག

2016-05-26
གློག་འཕྲིན།
མཆན།
Share
པར་བཀོད།
རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱི་ཉེ་པར།
རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་ཀྱི་ཉེ་པར།
CCTV

རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་སླར་ཡང་ས་གནས་རྒྱ་མིའི་ཉེན་རྟོག་པས་གཟའ་ཟླ་བ་སྟེ་འདི་ཚེས་༢༣་ཉིན་གྱི་མཚན་མོར་འཇུ་བཟུང་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འབྱོར་བར་གཞིགས་ན། བློ་བཟང་དར་རྒྱས་ལགས་འཇུ་བཟུང་བྱས་རྗེས་ད་ཆ་གར་ཡོད་ཤེས་རྟོགས་མེད་པ་ཡིན་འདུག་པ་དང་། ཁོང་དེ་སྔ་ཕྱི་ལོ་༢༠༡༡་ལོར་འཇུ་བཟུང་གིས་དུས་བཀག་ལོ་གསུམ་གྱི་བཙོན་དུས་ཉེས་ཆད་ཕོག་སྟེ་གློད་གྲོལ་ཐོབ་རྗེས་ཀིརྟི་དགོན་པར་མུ་འཐུད་ཐོས་བསམ་སློབ་སྦྱོང་གནང་པ་དང་། བཀའ་རམ་འཛིན་གྲྭའི་སྐྱོར་དཔོན་ཡང་ཡིན་འདུག།
ཁོང་གཟའ་ཟླ་བའི་ཉིན་སླར་ཡང་འཇུ་བཟུང་བྱེད་དགོས་དོན་འབྲེལ་ཡོད་མི་སྣ་ཚོས་གསལ་པོ་མཁྱེན་རྟོགས་མེད་ན་ཡང་། འདི་ག་རླུང་འཕྲིན་ཁང་དུ་བོད་ནས་བློ་བཟང་དར་རྒྱས་ལགས་ཀྱི་གནས་ཚུལ་ཆ་རྒྱུས་ཡོད་པའི་མི་སྣ་ཞིག་གིས། ས་གནས་རྒྱ་མིའི་ཉེན་རྟོག་པས་བློ་བཟང་དར་རྒྱས་ལགས་ཡང་སེ་གཞུང་གི་ལས་ཁུངས་སུ་ཆེད་བཀུག་གིས་ཁོང་གི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་དང་། ལྷག་པར་དུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་གི་ཡོད་མེད་སྐོར་ཡིག་ཐོག་སྤྲོད་དགོས་པའི་བཀོད་ཁྱབ་ལན་མང་བཏང་ཡོད་ཀྱང་། བློ་བཟང་དར་རྒྱས་ལགས་ཀྱིས་དེ་ལྟར་རྩ་བ་ནས་བྱས་མེད་སྟབས་སླར་ཡང་འཛིན་བཟུང་བྱས་པ་ཞིག་ཡིན་སྲིད་པ་ལས། ཁོང་གིས་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་སྤེལ་ཡོད་པ་མ་རེད་ཅེས་བརྗོད་འདུག།
དགུང་གྲངས་༣༥་འམ་༣༦་ཙམ་ཡིན་པ་བློ་བཟང་དར་རྒྱས་ལགས་ནི་མདོ་སྨད་རྔ་བ་རྨེ་རུ་མ་རུ་ཆེན་གཉིས་པ་ནས་ཡིན་ཞིང་། ཁོང་གི་ཕ་མིང་ལ་བློ་བཟང་ཞུ་གི་ཡོད་འདུག།  

གསར་འགོད་པ་ངག་དབང་ཆོས་འཕེལ།
ཞིབ་ཕྲ་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་གོང་གི་སྒྲ་ཐག་ནས་གསན་རོགས།

མཆན། (0)
Share
དྲ་གནས་ཆ་ཚང༌།