དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་བོད་ཀྱི་ལོ་སར་ཆེད་འཚམས་འདྲི།

2020-02-21
གློག་འཕྲིན།
མཆན།
Share
པར་བཀོད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ།
སྒྲིག་བཟོ།/RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་གཞིས་བྱེས་བོད་མི་ཡོངས་ལ་བོད་ལྕགས་བྱི་ལོའི་གནམ་ལོ་གསར་བཞད་ལ་འཚམས་འདྲི་གནང་འདུག
དེ་ཡང་སྤྱི་ཟླ་༢་ཚེས་༢༡་ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ནས་གཞིས་བྱེས་བོད་མི་ཡོངས་ལ་བོད་རྒྱལ་ལོ་ ༢༡༤༧ ་རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བའི་ནང་། ལོ་སར་རྗེས་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ་ལ་ཕེབས་ཀྱི་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ལོ་འདི་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པས། ཚང་མས་༧གོང་ས་མཆོག་གི་སྐུའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞི་པོ་དེ་དག་མཁྱེན་དགོས་པ་དང་། ༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་མི་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་། དམིགས་བསལ་དེང་སྐབས་བོད་ནང་ཏོག་དབྱིབས་ནད་དུག་ཁྱབ་བཞིན་ཡོད་པའི་གནས་སྟངས་ཐད་ང་ཚོའི་ངོས་ནས་སེམས་ཚབས་ཧ་ཅང་བྱེད་ཀྱི་ཡོད་ཅེས་གསུང་འདུག
དེ་བཞིན་ཡང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་འབྱུང་གནས་ལགས་ཀྱིས། གཞིས་བྱེས་བོད་མི་ཡོངས་ལ་བོད་ཀྱི་ལོ་གསར་ལ་འཚམས་འདྲི་གནང་བའི་ནང་། བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བདེན་མཐའ་གསལ་ཐབས་ཆེད་དུ་རང་གི་འགན་དེ་རང་གིས་འཁྱེར་ཐུབ་པའི་ཐོག འཚེ་མེད་ཞི་བའི་ལམ་ནས་ལས་འགུལ་སྣ་མང་སྤེལ་རྒྱུའི་རེ་བ་དང་ཡིད་ཆེས་ཞུ་རྒྱུ་ཡིན་ཞེས་གསུང་འདུག
ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས། བོད་རྒྱལ་ལོ་ ༢༡༤༧ ་རབ་གནས་ལྕགས་བྱི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ལ་གཞིས་བྱེས་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག ལྷག་པར་སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཏེ་བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།