༸གོང་ས་མཆོག་གིས་མོན་ཡུལ་དུ་ཆོས་འབྲེལ་བཀའ་དྲིན་སྩལ་གནང་མཛད་ནས་ལོ་ངོ་ ༦༥ ཧྲིལ་པོ་འཁོར་གྱི་ཡོད་པར་བརྟེན་མོན་ཡུལ་དད་ལྡན་མང་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ།
མོན་ཡུལ་དད་ལྡན་མང་ཚོགས་ནས་རིང་མིན་ཕྱི་ཟླ་ ༩ པའི་ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བཞུགས་བསྟར་འབུལ་ཞུ་འཆར་ཡོད་པ་བཞིན། ཕྱི་ཟླ་ ༩ པའི་ཚེས་ ༤ ཉིན་གྱི་སྔ་དྲོར་མོན་ཡུལ་དད་ལྡན་པ་ ༤༠༠ ཙམ་ནས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་མཇལ་ཁ་ཞུས་གནང་སོང་།
ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་དོན་ནི། གཙོ་བོ་རྒྱལ་དབང་རིན་པོ་ཆེ་བོད་ལུགས་ལྟར་དགུང་ལོ་ ༩༠ ལ་ཕེབས་ཀྱི་ཡོད་ཅིང་། ལྷག་པར་དུ་འདི་ལོར་༸གོང་ས་མཆོག་ནས་དེ་སྔ་མོན་ཡུལ་དུ་ཆོས་འབྲེལ་བཀའ་དྲིན་སྩལ་གནང་མཛད་ནས་ལོ་ངོ་ ༦༥ ཧྲིལ་པོ་འཁོར་གྱི་ཡོད་པ་བཅས། རྒྱལ་དབང་སྐུ་འཕྲེང་རིམ་བྱོན་རྣམ་པ་ནི་མོན་ཡུལ་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བར་སོང་ཐེངས་འདིར་མོན་ཡུལ་དད་ལྷན་མང་ཚོགས་ཡོངས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་ཞེས་མོན་ཡུལ་བརྟན་བཞུགས་བསྟར་འབུལ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་བླ་མ་ངག་དབང་ནོར་བུ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འདི་ག་གསར་འགོད་པས་མཇལ་བཅར་བ་ཁག་གཅིག་ལ་བཀའ་འདྲི་ཞུས་པར་བསྟན་འཛིན་མཚོ་མོ་ལགས་ཀྱིས། ༸གོང་ས་མཆོག་གི་ཞལ་མཇལ་ཐོབ་པར་བསྐལ་བ་བཟང་པོ་ཡིན་ཞིང་། མགོན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཡོད་ཅེས་གསུངས་བྱུང་། ཡང་དཀོན་མཆོག་ཚེ་རིང་ལགས་ཀྱིས། ཐེངས་འདིར་༸གོང་ས་མཆོག་མཇལ་བར་དགའ་སྤྲོ་ཆེན་པོ་བྱུང་ཞིང་མིག་མཐར་མཆི་མ་འཁོར་བའི་གནས་སྟངས་བྱུང་ཞེས་གསུངས་བྱུང་།
ཕྱི་ཟླ་ ༩ པའི་ཚེས་ ༧ ཉིན་མོན་ཡུལ་དད་ལྡན་པ་རྣམས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ཆོ་ག་ནི། གནས་ཆུང་ཆོས་རྒྱལ་ཆེན་མོའི་བཀའ་ལུང་བཞིན་གསང་བ་རྒྱ་ཅན་གྱི་མདོའི་ནང་ཚན་ལས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་ཐོག་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད་ལ། ཐེངས་འདིར་བརྟན་བཞུགས་བསྟར་འབུལ་ཞུ་མཁན་ཁྲོད་མོན་ཡུལ་དད་ལྡན་པ་ཁྱོན་ ༡༥༠༠ ལྷག་མཉམ་བཞུགས་གནང་གི་ཡོད་པ་རེད་འདུག
རྩ་བའི་བརྟན་བཞུགས་ཀྱི་སྔར་ཉིན་ཕྱི་ཟླ་ ༩ པའི་ཚེས་ ༦ ཉིན་མོར། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མོན་གྱི་དད་ལྡན་པ་ཚོར་༸གོང་ས་མཆོག་གིས་གསུང་ཆོས་གནང་འཆར་ཡོད་འདུག་ཀྱང་། ད་ཆ་དེར་འགྱུར་བ་བཏང་སྟེ་ཉིན་དེར་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མོན་པ་དད་ལྡན་ཆོས་ཞུ་བ་ཚོར་སྐྱབས་རྗེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་གྱི་བཀའ་ཆོས་བསྩལ་གཏན་འཁེལ་ཡོད་པ་རེད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།