ཨ་རིས་ཐེ་ཝན་བློས་གཏོང་མི་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་གནང་འདུག

0:00 / 0:00

0:00 / 0:00
  • ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་ནས་ཕེབས་ཐོན་ཟིན་འདུག
  • ལྕམ་ནེན་སི་པེ་ལོ་སི་ཡིས་ཨ་རིས་ཐེ་ཝན་བློས་གཏོང་མི་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་གནང་ཡོད་པ་རེད།

ལོ་ངོ་ཉི་ཤུ་རྩ་ལྔའི་རྗེས་ཐེ་ཝན་ནང་འཚམས་གཟིགས་ཕེབས་མཁན་ཨ་རིའི་དཔོན་རིགས་མཐོ་ཤོས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་(Nancy Pelosi)་མཆོག་གཟའ་ལྷག་པའི་ཉིན། ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-Wen)་དང་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་སོགས་དང་མཇལ་འཕྲད་འགྲུབ་རྗེས་གཟའ་ལྷག་པའི་ཕྱི་དྲོ་ཐེ་ཝན་ནས་ཕེབས་ཐོན་གནང་ཡོད་པ་རེད།
ཁོང་གི་ཐེ་ཝན་དུ་འཚམས་གཟིགས་ཀྱི་གནད་དོན་དེར་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཁོང་ཁྲོའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་འདུག་ལ། ཐེ་ཝན་གྱི་ཕྱོགས་སུ་དམིགས་སྟེ་མེ་ཤུགས་འཕུར་མདེལ་ངོ་མ་བེད་སྤྱོད་ཀྱི་དམག་སྦྱོང་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
ཕྱི་ཟླ་༨ཚེས་༣གཟའ་ལྷག་པའི་སྔ་དྲོ། ཐེ་ཝན་གྱི་སྲིད་འཛིན་ལས་ཁུངས་ནང་། ལྕམ་ནེན་སི་པེ་ལོ་སི་མཆོག་དང་ཐེ་ཝན་གྱི་སྲིད་འཛིན་ཚཡི་ཡིང་ཝན་(Tsai Ing-Wen)་རྣམ་གཉིས་མཇལ་འཕྲད་གནང་ཞིང་། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་ལོ་ངོ་བཞི་བཅུའི་སྔོན། ཨ་རིས་ཐེ་ཝན་དང་དུས་རྟག་ཏུ་མཉམ་དུ་ལངས་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར། དེ་རིང་ང་ཚོའི་སྐུ་ཚབ་ཚོགས་པ་ཐེ་ཝན་དུ་ཡོང་བ་འདི་ཡང་ང་ཚོའི་ངོས་ནས་ཐེ་ཝན་བློས་གཏོང་མི་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་དེ་གསལ་སྟོན་བྱེད་ཆེད་ཡིན་པ་གསུངས་འདུག

US House Speaker Nancy taiwan1.jpg
This handout taken and released by Taiwan's Presidential Office on August 3, 2022 shows US House Speaker Nancy Pelosi speaking, as Taiwan's President Tsai Ing-wen (R) listens, in the Presidential Office in Taipei. (Photo by Handout / Taiwan Presidential Office / AFP) / -----EDITORS NOTE --- RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / TAIWAN'S PRESIDENTIAL OFFICE " - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS (HANDOUT/AFP)


སྐབས་དེར་ཐེ་ཝན་གྱི་སྲིད་འཛིན་ལྕམ་(Tsai Ing-Wen)་གྱིས། འདི་ལོ་ར་ཤེ་ཡས་ཡུཀ་རེན་(Ukraine)་ལ་བཙན་འཛུལ་བྱས་རྗེས། ཐེ་ཝན་གྱི་བདེ་འཇགས་དེ་འཛམ་གླིང་སྤྱི་ཡོངས་ཀྱིས་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་ཅེས་དང་། གལ་ཏེ། ཐེ་ཝན་ལ་གཞན་གྱིས་བཙན་འཛུལ་བྱས་པའི་གནས་ཚུལ་ཞིག་བྱུང་ཚེ། ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་གནོད་སྐྱོན་ཚབས་ཆེན་ཕོག་ངེས་པ་ཡིན་པ་གསུངས་པ་དང་། རྒྱ་ནག་གཞུང་གིས་དམག་གི་འཇིགས་སྐུལ་བྱེད་བཞིན་པར་ང་ཚོ་དུས་ནམ་ཡང་ཞུམ་རྒྱུ་མིན་ལ། ང་ཚོས་མུ་མཐུད་དུ་ཐེ་ཝན་གྱི་བདག་དབང་དང་མང་གཙོ་སོགས་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་འདུག
ད་དུང་ཐེ་ཝན་ལ་འཕྲད་བཞིན་པའི་གཉན་ཕྲང་གི་དུས་འདིར་ཐེ་ཝན་ལ་རྒྱབ་སྐྱོར་མཚོན་ཆེད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དབུས་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཕེབས་པ་རྣམ་པར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་རེད།

US House Speaker Nancy taiwan2.jpg
This handout taken and released by Taiwan's Presidential Office on August 3, 2022 shows US House Speaker Nancy Pelosi speaking, as Taiwan's President Tsai Ing-wen (R) listens, in the Presidential Office in Taipei. (Photo by Handout / Taiwan Presidential Office / AFP) / -----EDITORS NOTE --- RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / TAIWAN'S PRESIDENTIAL OFFICE " - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS (HANDOUT/AFP)

ཡང་ཐེ་ཝན་གྱི་སྲིད་འཛིན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོའི་མཇལ་འཕྲད་དེའི་སྐབས། ལྕམ་པེ་ལོ་སི་མཆོག་གིས། ཐེ་ཝན་ནི་འཛམ་གླིང་ནང་རང་དབང་ཆེ་ཤོས་གྲས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་མ་ཟད། འཛམ་གླིང་ནང་མིག་དཔེ་འོས་པ་ཞིག་ཡིན་པ་གསུངས་ཤིང་། ཁོང་གིས་ཐེ་ཝན་མི་མང་ནས་རང་ཉིད་ཀྱི་མངོན་འདོད་དང་། རེ་བ། སྙིང་སྟོབས་བཅས་འཛམ་གླིང་ལ་སྟོན་ཐུབ་པ་བྱུང་ཡོད་ཅེས་དང་། ད་ལྟའི་དུས་འདིར་ཨ་མི་རི་ཀས་ཐེ་ཝན་ལ་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་ནི་འགག་རྩ་ཅན་དུ་གྱུར་ཡོད། དེང་གི་འཛམ་གླིང་ནང་མང་གཙོ་དང་གཅིག་སྡུད་རིང་ལུགས་བར་འདམ་ཁའི་གདོང་ཐུག་འབྱུང་བཞིན་པའི་དུས་འདིར། ཨ་མི་རི་ཀས། ཐེ་ཝན་ནང་མང་གཙོའི་ལམ་ལུགས་རྒྱུན་འཁྱོངས་ཡོང་ཆེད་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་ཞུ་རྒྱུ་ཙམ་མ་ཟད། མཉམ་རུབ་ཀྱིས་ཐེ་ཝན་གྱི་བདེ་འཇགས་ཐོག་ཕྱག་ལས་གནང་རྒྱུ་ཡིན་པ་བརྗོད་འདུག

US House Speaker Nancy taiwan1.jpg
This handout taken and released by Taiwan's Presidential Office on August 3, 2022 shows US House Speaker Nancy Pelosi speaking, as Taiwan's President Tsai Ing-wen (R) listens, in the Presidential Office in Taipei. (Photo by Handout / Taiwan Presidential Office / AFP) / -----EDITORS NOTE --- RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / TAIWAN'S PRESIDENTIAL OFFICE " - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS (HANDOUT/AFP)


ཐེ་ཝན་གྱི་(National Dong Hwa University)་གཙུག་ལག་སློབ་ཆེན་གྱི་སློབ་དཔོན་དང་ཐེ་ཝན་དུ་གནས་བཞུགས་ཐེ་ཝན་ཀྱི་ཕྱི་འབྲེལ་ཐོག་ཉམས་ཞིབ་གནང་མཁན་(Suzsa Anna Ferenczy)་ལགས་ཀྱིས། ལྕམ་(Pelosi)་ཐེངས་འདིར་ཐེ་ཝན་དུ་ཕེབས་འབྱོར་བྱུང་བ་དེས། རྒྱལ་སྤྱིའི་སྟེང་ཐེ་ཝན་ལ་ལྟ་ཕྱོགས་ཐད་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད་པ་མ་ཟད། དེ་སྔོན་༢༠༢༡ལོར་ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་དུ་གཟིགས་སྐོར་ཕེབས་པ་དེས་ཡོ་རོབ་ཁུལ་དུ་ཐེ་ཝན་གྱི་གནད་དོན་ཐད་དམིགས་བསལ་དོ་སྣང་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། ལྷག་པར་ཐེ་ཝན་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་ཐུབ་པའི་ནུས་པ་དང་གྲ་སྒྲིག་ཡོད་པ་འཛམ་གླིང་མི་མང་ནས་མཁྱེན་གསལ་རེད། འོན་ཀྱང་། ང་ཚོས་དངོས་ཡོད་གནས་ཚུལ་མཁྱེན་དགོས་པ་ཞིག་ནི། རྒྱ་ནག་གིས་ཞི་བདེའི་རྒྱ་མཚོའི་མངའ་ཁུངས་དང་ཁྱིམ་མཚེས་ས་ཁུལ་ཁག་ཏུ་སོ་སོའི་ལྟ་སྤྱོད་དང་མཐུན་པའི་བྱ་སྤྱོད་རིགས་སྤེལ་མུས་ཡིན་པ་དེས། ཐེ་ཝན་གྱི་ཞི་བདེ་དང་བདེ་འཇགས་ལ་ཤུགས་རྐྱེན་སྤྲོད་ངེས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་། ཁོང་གིས་དེ་སྔོན་ཡོ་རོབ་གྲོས་ཚོགས་ཀྱི་ཆབ་སྲིད་སློབ་སྟོན་པའི་ཐུགས་འགན་ཡང་བཞེས་མྱོང་ཡོད་པ་རེད། ཁོང་མོས་མུ་མཐུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། འཛམ་གླིང་གི་ཡུལ་གྲུ་གཞན་ལྟར། ཐེ་ཝན་མི་མང་ལ་ཡང་ཞི་བདེ་དང་བདེ་འཇགས་དགོས་ཀྱི་ཡོད། དེར་བརྟེན། ད་ལྟའི་གནད་དོན་དེའི་དབང་གིས་ཨ་རི་དང་རྒྱ་ནག་གཉིས་བར་དམག་རྒྱག་གི་རེད་བསམ་གྱི་མི་འདུག་ལ། རྒྱག་མི་སྲིད་པ་ཞིག་རེད། དམག་འཁྲུག་ཟེར་བ་དེ་ཐེ་ཝན་མང་ཚོགས་ལ་དེ་བས་འདོད་པ་མེད། འོན་ཀྱང་། རྒྱ་ནག་གི་ཕྱོགས་ནས་དམིགས་ཀར་དཔལ་འབྱོིར་གྱི་སྟོབས་ཤུགས་དང་ཐབས་བྱུས་འདྲ་མིན་བརྒྱུད་ནས་ཐེ་ཝན་ལ་མུ་མཐུད་དུ་གནོན་ཤུགས་སྤྲོད་སྲིད་པ་ཞིག་རེད། མདོར་ན། ཨ་རི་དང་རྒྱ་ནག་གཉིས་ཀྱིས་གྲོས་མོལ་གྱི་ལམ་ནས་གནད་དོན་དེ་ཐག་གཅོད་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས། ལྕམ་(Nancy Pelosi)་ཐེ་ཝན་དུ་འཚམས་གཟིགས་གནང་བ་དེ་རྣོ་ངར་ཅན་བཟོ་མཁན་རྒྱ་ནག་གཞུང་ཡིན་པ་མ་ཟད། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་བར་གྱི་མཚོའི་ཁུལ་དུ་རྒྱ་ནག་གི་དམག་མིའི་གྲངས་འབོར་ཇེ་མང་དུ་བཏང་སྟེ། དམག་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད། རྒྱ་ནག་གིས་རྒྱུན་དུ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་འགྲེལ་བཤད་རྒྱག་ཕྱོགས་དང་། ཨ་རིས་དེ་ངོས་འཛིན་བྱེད་ཕྱོགས་གཉིས་བར་ཧེ་བག་ཆེན་པོ་ཡོད་པ་མ་ཟད། ད་རེས་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཐེ་ཝན་དུ་མཚམས་གཟིགས་སུ་ཕེབས་པ་དེས། ཨ་རིའི་ཕྱོགས་ནས་ཐེ་ཝན་དེ་བཞིན་རང་བཙན་གྱི་ངོ་བོར་གནས་པའི་ས་ཁུལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རྒྱ་ནག་ལ་བརྡ་ལན་སྤྲོད་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་ཉམས་ཞིབ་ལྟེ་གནས་ཁང་གི་གཙོ་འཛིན་སྐུ་ཞབས་(Jayadeva Ranade)་ལགས་ཀྱིས། ཤར་ཨེ་ཤེ་ཡ་དང་རྒྱ་དཀར་ནག་གཉིས། དེ་བཞིན་བོད་བཅས་ཀྱི་འབྲེལ་ལམ་ཐབས་བྱུས་སྐོར་ལོ་ངོ་༤༠ལྷག་རིང་ཉམས་ཞིབ་གནང་སྟེ། ད་བར་དེ་འབྲེལ་གནད་དོན་སྐོར་དཔེ་དེབ་འགའ་ཞིག་བརྩམས་འདུག་པའི་ཁྲོད། དཔེ་དབེ་གསར་ཤོས་ཤིག་ནི་(Xi Jinping: China's Third New Era)་ཞི་ཅིན་ཕིང་གི་སྣེ་ཁྲིད་པའི་རྒྱ་ནག་གི་དུས་སྐབས་གསུམ་པ་ཟེར་བ་དེ་ཡིན་པ་རེད་། ཁོང་གིས་མུ་མཐུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ན། ད་རེས་ལྕམ་(Pelosi)་ཐེ་ཝན་དུ་དངོས་སུ་གཟིགས་སྐོར་དུ་ཕེབས་པ་དེའི་རྐྱེན་པས་འཛམ་གླིང་ནང་མང་གཙོ་དང་རང་དབང་། དྲང་བདེན། དེ་བཞིན་གུ་ཡངས་ཀྱི་བསམ་བློ་བཅས་ལ་དགའ་ཞེན་ཆེ་བའི་མི་སྣ་ཚོར་ཞི་ལྷོད་ཀྱི་ཁོར་ཡུག་ཤིག་ཀྱང་བསྐྲུན་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག

US House Speaker Nancy taiwan1.jpg
This handout taken and released by Taiwan's Presidential Office on August 3, 2022 shows US House Speaker Nancy Pelosi speaking, as Taiwan's President Tsai Ing-wen (R) listens, in the Presidential Office in Taipei. (Photo by Handout / Taiwan Presidential Office / AFP) / -----EDITORS NOTE --- RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / TAIWAN'S PRESIDENTIAL OFFICE " - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS (HANDOUT/AFP)


སྤྱིར་བཏང་ཨ་མི་རི་ཀ་དང་ཐེ་ཝན་བར་གཞུང་འབྲེལ་གྱི་འབྲེལ་ལམ་མེད་པར་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདི་རྒྱ་ནག་གི་སྐུ་ཚབ་ངོ་མར་གཞུང་འབྲེལ་གྱིས་ངོས་ལེན་བྱེད་བཞིན་ཡོད་པ་རེད། འོན་ཀྱང་ཨ་རི་དང་ཐེ་ཝན་བར་དཔལ་འབྱོར་དང་ཚོང་ལས། རིག་གཞུང་སོགས་གཞི་ཡུལ་མི་འདྲ་བའི་བར་འབྲེལ་ལམ་ཤུགས་ཆེ་ཡོད་མུས་མ་ཟད། ཐེ་ཝན་སྲུང་སྐྱོབ་ཆེད་ཨ་མི་རི་ཀས་ཐེ་ཝན་ལ་གོ་མཚོན་མུ་མཐུད་དུ་ཚོང་བསྒྱུར་བྱེད་བཞིན་ཡོད་པ་རེད།
ལྕམ་ནེན་སི་པེ་ལོ་སི་ཐེ་ཝན་དུ་ཕེབས་རྒྱུའི་ཐད་རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེ་བྱས་པ་ཙམ་མ་ཟད། ཨ་རིའི་སྲིད་འཛིན་འཇོ་སྦཡེ་ཌན་དང་ཞི་ཅིན་ཕིང་གཉིས་དྲ་ལམ་བརྒྱུད་མཇལ་མོལ་སྐབས། རྒྱ་ནག་གི་སྲིད་འཛིན་གྱིས། མེ་དང་གཏུག་ན་རང་ཉིད་ཤུལ་མེད་དུ་འགྲོ་རྒྱུ་ཡིན་པ་དེ་ཤེས་དགོས་ཀྱི་རེད་ཅེས་འཇིགས་སྐུལ་བྱས་ཡོད་ལ། དེ་བཞིན་རྒྱ་ནག་མི་དམངས་བཅིངས་གྲོལ་དམག་གི་དམག་དཔོན་ཁག་གིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེ་ཝན་དུ་ཕེབས་ཚེ་དྲག་པོའི་རྒོལ་རྡུང་གཏོང་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། འོན་ཀྱང་ཐེ་ཝན་ཐོག་ད་བར་དྲག་པོའི་རྒོལ་རྡུང་རིགས་ཕོག་མེད་ན་ཡང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་རང་བྱུང་བྱེ་མ་ཕྱིར་གཏོང་བྱ་རྒྱུ་བཀག་བསྡོམ་བྱས་འདུག་པ་མ་ཟད། ཐེ་ཝན་ནས་ཤིང་ཏོག་རིགས་དང་ཉ་སོགས་རྒྱ་ནག་དུ་ནང་འདྲེན་བྱ་རྒྱུ་བཀག་བསྡོམ་བྱས་འདུག
དེའི་ཐད་གསར་འགོད་པ་ཞིག་གིས། ལྕམ་(Pelosi)་མཆོག་ལ། རྒྱ་ནག་གཞུང་གིས་ཐེ་ཝན་ལ་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་དེའི་ཐད་དགོངས་ཚུལ་ཇི་ཡོད་སྐོར་བཅར་འདྲི་ཞུས་སྐབས། སྤྱིར་རྒྱ་ནག་གིས་ལས་དོན་ཅི་འདྲ་ཞིག་བྱས་རུང་། རང་ཉིད་ཀྱི་ཁེ་ཕན་ཁོ་ནར་དམིགས་ཏེ་བྱེད་ཀྱི་རེད། དེ་ལས་ལྡོག་སྟེ་ད་ལྟ་འགག་རྩའི་དུས་འདིར་ཨ་མི་རི་ཀའི་གྲོས་ཚོགས་གོང་འོག་གཉིས་ཚུད་པའི་མང་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་བཅས་ནས་མ་འོངས་པར་ཐེ་ཝན་དེ་བཞིན་ནུས་པ་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་ཆེད་ད་ལྟ་ནས་དེའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཆོས་སེམས་བརྟན་པོ་ཡོད་ཅེས་ལན་འདེབས་གནང་འདུག
གནད་དོན་དེའི་ཐད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས། (Pelosi)་ཐེ་ཝན་དུ་ཕེབས་པ་དེས་ཐེ་ཝན་གྱི་བདེ་འཇགས་དང་ཞི་བདེ་སོགས་ལ་གནོད་སྐྱོན་ཚབས་ཆེན་བཏང་ཡོད་པ་མ་ཟད། རྒྱ་ནག་དང་ཨ་རི་གཉིས་ཀྱི་འབྲེལ་བར་ཡང་ཤུགས་རྐྱེན་སྤྲོད་ངེས་ཡིན་ལ། ལྷག་ཏུ་རྒྱ་ནག་གི་བདག་དབང་དང་མངའ་ཁོངས་ལ་བརྡལ་བཤིག་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་བརྗོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གཞུང་གིས་ལྕམ་(Pelosi)་ཐེ་ཝན་དུ་མ་ཕེབས་གོང་མཚོ་ཁར་དམག་སྦྱོང་བྱས་པ་ལ་སོགས་སྡིགས་ར་བསྐུལ་བ་དེ་དག་ནི་འུར་ཤོབ་བཤད་པ་ཙམ་ལས། དོན་དངོས་ཐོག་ལྕམ་སྐུ་མཆོག་ཐེ་ཝན་དུ་ཞི་བདེ་ངང་ཕེབས་ཡོད་པ་མཐོང་གསལ་རེད་ཅེས་གསུངས་བྱུང་། གཟའ་ལྷག་པའི་ཉིན་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ཐེ་ཝན་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་ཁག་ཅིག་མཇལ་འཕྲད་གནང་ཞིང་། དེའི་ཁོངས་སུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱང་ཡོད་ལ། ཁོང་གིས་ལྕམ་(Pelosi)་ལ་བོད་ཀྱི་གནས་བབས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་སོགས་ཞུས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གསུངས་བྱུང་།
ལྕམ་པེ་ལོ་སི་ཐེ་ཝན་དུ་ཕེབས་པར་སྤྱིར་ཐེ་ཝན་མི་དམངས་ཀྱི་ངོས་ནས་དགའ་བསུ་ཆེན་པོ་ཞུས་འདུག་ན་ཡང་། ཁོང་ལ་ངོ་རྒོལ་བྱ་མཁན་ཡང་བྱུང་འདུག ཐེ་ཝན་དུ་གནས་སྡོད་བོད་དོན་ལས་འགུལ་བ་བཀྲིས་ཚེ་རིང་ལགས་ཀྱིས། ལྕམ་(Pelosi)་མཆོག་ཐེ་ཝན་དུ་ཕེབས་པའི་སྐབས། གཞི་རྩའི་ཐེ་ཝན་མང་ཚོགས་ནས་དགའ་སྣང་ལྡན་པའི་ངང་སྣེ་ལེན་དགའ་བསུ་གཟབ་རྒྱས་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་དངུལ་སྤྲད་ནས་མངགས་གཏོང་བྱས་པའི་མི་སྣ་ཁག་ཅིག་གིས་ངོ་རྒོལ་བྱེད་བཞིན་པ་མཐོང་རྒྱུ་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ད་ལོ་དགུང་གྲངས་༨༢ལ་ཕེབས་པའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་ནི། ལོ་ངོ་༣༠ལྷག་རིང་བོད་དོན་ཐད་ཚད་མཐོའི་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་མ་ཟད་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཧ་ཅང་ཐུགས་ཉེ་པོ་ཡོད་མཁན་ཞིག་ཀྱང་ཡིན་པ་རེད། ལྕམ་པེ་ལོ་སི་མཆོག་དེ་སྔོན་གྲོས་ཚོགས་ཀྱི་ཚོགས་གཙོ་ཐེངས་དང་པོ་གནང་སྐབས་ཏེ། ཕྱི་ལོ་༢༠༠༨ལོར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཞིང་། སྐབས་དེ་དུས་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་བཞིན་པའི་ཐོག རྒྱ་ནག་གཞུང་གིས་སྡུག་རྩུབ་ཆེན་པོས་བོད་མི་མང་པོ་དམར་བསད་དང་འཛིན་བཟུང་བཙོན་འཇུག་བྱས་པའི་དུས་སྐབས་དང་འཁེལ་ཡོད་པ་རེད། དེ་རྗེས་ཕྱི་ལོ་༢༠༡༧ལོར་ཨ་རིའི་གྲོས་ཚོགས་འོག་མའི་ཁ་གཏད་ཚོགས་པའི་དབུ་ཁྲིད་གནང་པའི་སྐབས། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་སྣེ་ཁྲིད་གནང་སྟེ་སླར་ཡང་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ཡོད་པ་རེད། ཡང་ཕྱི་ལོ་༢༠༡༥ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆེད་ཕེབས་གནང་སྟེ། རྒྱ་ནག་གཞུང་གིས་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་འཆར་གཞི་ལྡན་པའི་ཐོག་ནས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་ཡང་ཡང་གསུངས་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།